བོད་ནང་བརྟན་ལྷིང་ཡོང་རྒྱུ་ཡིན་ལུགས།
2009.03.15
༄༅༎རྒྱ་ནག་གཞུང་གིས་པེན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུས་བོད་ནང་བརྟན་ལྷིང་ཡོང་རྒྱུ་ཡིན་པ་འགན་ལེན་བྱས་ཡོད་པ་རེད།
དེ་ཡང་རྒྱ་ནག་གཞུང་གིས་ཁ་སྔོན་ཕྱི་ཟླ་གཉིས་པའི་ཚེས་ཉི་ཤུ་བཞི་ནས་རྒྱལ་ས་པེ་ཅིང་ནང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་མི་ལོ་ལྔ་བཅུ་ཟེར་བའི་འགྲེམས་སྟོན་ཞིག་གོ་སྒྲིག་བྱས་ཡོད་པ་ལྟར་དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱལ་མཚན་ནོར་བུ་དེར་ལྟ་སྐོར་དུ་བསྐྱོད་པ་དང་འགྲེམས་སྟོན་དེའི་ནང་དེ་སྔ་༡༩༥༩ལོར་རྒྱ་ནག་གཞུང་གིས་བོད་ལ་ཞི་བས་བཅིངས་བཀྲོལ་བཏང་བ་ནས་བཟུང་འདས་པའི་མི་ལོ་ལྔ་བཅུ་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་བཏང་བར་བརྟེན་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གྲུབ་འབྲས་ཆེན་པོ་ཐོབ་པའི་རྣམ་པ་བསྟན་ཡོད་པ་རེད། ལོ་ན་བཅུ་དགུ་ཕེབས་པའི་རྒྱལ་མཚན་ནོར་བུས་སྐབས་དེར་འགྲེམས་སྟོན་དེའི་ནང་དུ་འགྲེམས་འཇོག་བྱས་པའི་དེ་སྔ་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་ཞིང་བྲན་ལམ་ལུགས་ཆེས་མུན་ནག་དང་ཆེས་སྡུག་རྩུབ་ཡིན་པའི་འདྲ་པར་དེར་བལྟས་ཏེ་རྒྱ་ནག་གུང་ཁྲན་ཏང་གིས་ཡར་ལངས་ཞིང་བྲན་རྣམས་བཅིངས་བཀྲོལ་བཏང་བ་ནས་བཟུང་ཞིང་བྲན་ཁྲི་མཚོར་བདེ་སྐྱིད་ཐོབ་པ་དང་བོད་མི་ཚོས་ཀྱང་ད་ལྟའི་སྤྱི་ཚོགས་དཔལ་ཡོན་དང་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་དགོས་པ་ཁོང་རང་ཉིད་ངོས་ནས་བོད་ཀྱི་བདེ་སྐྱིད་དང་སྤྱི་ཚོགས་བརྟན་ལྷིང་འཆམ་མཐུན་མེས་རྒྱལ་གོང་པོ་གཅིག་གྱུར་ཡོང་རྒྱུར་འབད་བརྩོན་དང་ཞབས་འདེབས་ཞུ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད༎