པཎ་ཆེན་རྒྱལ་མཚན་ནོར་བུས་ལྷ་ས་ནས་ཆོས་ཀྱི་བྱེད་སྒོ་སྤེལ་འདུག
2017.07.31
རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་འདུག
དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་རྒྱལ་ས་ལྷ་ས་ནས་གནས་ཚུལ་སྤེལ་བའི་ནང་། རྒྱ་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཡིས་འདས་པའི་ཉིན་གྲངས་ཁ་ཤས་རིང་ལ་རྒྱལ་ས་ལྷ་སའི་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་ནང་། ཐོག་མར་གཟའ་ཕུར་པའི་ཉིན་ཁོང་གཙུག་ལག་ཁང་ནང་དགེ་འདུན་པའི་འདུ་འཛོམས་ཀྱི་མཆོད་འབུལ་སྨོན་ལམ་ནང་དབུ་བཞུགས་ཀྱིས་དགེ་འདུན་པ་ཚོར་དབང་གནང་ཡོད་སྐོར་དང་། དེ་ནས་གཟའ་ཉི་མའི་ཉིན་གྱི་སྔ་དྲོར་ཁོང་གི་ལྷ་སའི་བཞུགས་ཡུལ་ནས་མི་དམངས་དཀྱུས་མ་ཚོར་དབང་གནང་ཡོད་ཚུལ་སོགས་གནས་ཚུལ་སྤེལ་ཡོད་པ་རེད།
རྒྱལ་མཚན་ནོར་བུ་ལགས་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་པན་ཆེན་ཡང་སྲིད་དུ་ངོས་འཛིན་གནང་པའི་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོིག་རྒྱ་ནག་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་རྗེས། སྤྱི་ལོ་༡༩༩༥་ལོར་རྒྱ་གཞུང་གཞུང་གིས་པན་ཆེན་ཡང་སྲིད་དུ་བསྐོ་བཞག་བྱས་པ་ཞིག་ཡིན་ཞིང་། དེར་བརྟེན་བོད་མི་མང་པོ་ཞིག་གིས་ཁོང་ནི་རྒྱ་ནག་གི་བསྐོ་བཞག་བྱས་པ་ཞིག་ཡིན་པ་ངོས་འཛིན་ཀྱིས་ཁོང་གི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱེད་ཀྱི་མེད་ནའང་། རྒྱ་གཞུང་གིས་བཙན་བཀག་དང་མགོ་བསྐོར་སླུ་བྲིད་བཅས་ཀྱི་གནས་སྟངས་འོག་བོད་མི་མང་པོ་ཁོང་གི་བྱེད་སྒོ་ནང་མཉམ་ཞུགས་བྱེད་བཅུག་བཞིན་ཡོད་པ་རེད།
གོང་ཞུས་རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་མུ་མཐུད་གནས་ཚུལ་སྤེལ་བའི་ནང་། རྒྱལ་མཚན་ནོར་བུ་ལགས་ནི་༡༩༩༠་ལོའི་ཟླ་༢་པའི་ཚེས་༡༣་ཉིན་ནག་ཆུ་ས་ཁུལ་གྱི་ལྷ་རི་རྫོང་ནང་འཁྲུངས་ལུགས་དང་། ཁོང་ནི་རྒྱ་ནག་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་རྒྱུན་ལས་ཚོགས་མི་ཞིག་ཡིན་པ་འཁོད་ཡོད་པ་རེད།
གསར་འགོད་པ་གུ་རུ་ཆོས་སྐྱིད།