རྒྱ་ནག་གཞུང་གིས་ཐའེ་ལྦན་གཞུང་ལ་ཁོང་ཁྲོ་བསྟན་ཡོད་པ།

ཐའེ་ལྦན་གྱིས་༸གོང་ས་མཆོག་ཆིབས་བསྒྱུར་གནང་ཆོག་པའི་བཀའ་ཁྲོལ་ལ་རྒྱ་ནག་གཞུང་གིས་ཐའེ་ལྦན་གཞུང་ལ་ཁོང་ཁྲོ་ཆེན་པོ་བྱེད་བཞིན་པ།

2009.08.27

༄༅༎ཐའེ་ལྦན་གཞུང་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་ཆོག་པའི་བཀའ་ཁྲོལ་ལ་རྒྱ་ནག་གཞུང་གིས་ཐའེ་ལྦན་གཞུང་ལ་ཁོང་ཁྲོ་ཆེན་པོ་བྱེད་བཞིན་པ་དང་རྒྱ་ནག་གཞུང་གི་ཐའེ་ལྦན་འབྲེལ་འཐུད་ལྷན་ཁང་གིས་སྤྱི་བསྒྲགས་ཤིག་ནང་༸གོང་ས་མཆོག་གིས་ཆོས་ཕྱོགས་དབུ་ཁྲིད་རྐྱང་པ་ཞིག་མིན་པར་ཆོས་ལུགས་ཀྱི་དར་འཕྱར་ནས་རྒྱལ་ཁབ་ཁ་བྲལ་གྱི་ལས་དོན་སྤེལ་མཁན་ཞིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་སྤྱི་བསྒྲགས་དེའི་ནང་ཐའེ་ལྦན་གྱི་ཕྱོགས་འགལ་དམངས་གཙོ་ཚོགས་པར་ཡང་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་དང་དེའི་ནང་དམངས་གཙོ་ཡར་ཐོན་ཚོགས་པའི་ནང་ཚོགས་མི་ཁག་ཅིག་གིས་ད་རེས་འབྱུང་བའི་གོད་ཆགས་དེར་ཁ་གཡོགས་ཀྱིས་ཏཱ་ལའི་བླ་མ་ཐའེ་ལྦན་ནང་མགྲོན་འབོད་ཀྱིས་ཉེ་བའི་ལོ་ཤས་ནང་མཚོ་ཁ་ཕན་ཚུན་གྱི་དབར་འབྲེལ་ལམ་ཡར་རྒྱས་ཐུབ་པའི་གྲུབ་འབྲས་ཆེན་པོ་དེར་གནོད་འཚེ་བཟོ་རྒྱུའི་དམིགས་ཡུལ་ཁོགས་བཅངས་བྱེད་ཀྱི་ཡོད་སྐོར་སྐྱོན་བཙུགས་བྱས་ཡོད་པ་རེད།

ཐའེ་ལྦན་ནང་ཡོད་པའི་དབྱིན་ཇིའི་སྦི་སྦི་སི་གསར་འགོད་པ་སིན་ཌི་སུའུ་ཡིས་ཐའེ་ལྦན་གྱི་སྲིད་འཛིན་མ་ཡིང་ཇུ་ཡིས་རྒྱ་ནག་གི་ལྷན་འབྲེལ་ལམ་ལ་གནོད་འཚེ་མི་ཡོང་བའི་ཆེད་སྔར་ལོ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་ནང་ཕེབས་རྒྱུ་དེ་དུས་ཚོད་རན་པོ་ཞིག་མིན་པའི་འགྲེལ་བརྗོད་ཀྱིས་བཀའ་འཁྲོལ་གནང་མེད་ཅེས་དང་ཡིན་ནའི་ད་རེས་འབྱུང་བའི་གོད་ཆགས་དེའི་རྐྱེན་པས་ཐའེ་ལྦན་མང་ཚོགས་ཀྱི་འཕྲོད་སྲིད་འཛིན་མ་ཡིང་ཇུའི་གཞུང་གིས་གོད་ཆགས་ཕོག་པའི་མང་ཚོགས་ལ་དཀའ་སྡུག་ངལ་སེལ་གྱི་ལས་དོན་ཡག་པོ་མ་བྱུང་བའི་སྐྱོན་བརྗོད་དང་ཁོང་ཁྲོ་ཆེན་པོ་བྱེད་བཞིན་པའི་སྐབས་ཁོང་གི་སྲིད་གཞུང་ལ་༸གོང་ས་ཏཱ་ལའི་བླ་མས་གོད་ཆགས་ཕོག་པའི་མང་ཚོགས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཆོས་འབྲེལ་མཛད་འཆར་འགོག་ཐུབ་ཐབས་མེད་པ་འགྱུར་ཡོད་ཅེས་དགོངས་ཚུལ་ཡོད་པ་རེད།

སྦི་སྦི་སིའི་རྒྱ་ནག་གི་གསར་འགོད་པ་མའེ་ཁལ་སྦི་རིསི་ཀྲོ་ཡིས་ཐའེ་ལྦན་གྱི་སྲིད་འཛིན་མ་ཡིང་ཇུ་ཡིས་རྒྱ་ནག་ལྷན་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དེ་གནད་འགག་ཆེན་པོ་ཞིག་འཛིན་བཞིན་པར་ད་རེས་ཁོང་ནས་༸གོང་ས་མཆོག་ཐའེ་ལྦན་ནང་ཕེབས་རྒྱུར་བཀའ་འཁྲོལ་གནང་བ་དེ་ཡ་ཚན་ཆེན་པོ་བྱ་ཡུལ་ཞིག་འགྱུར་ཡོད་ནའང་ཞིབ་ཏུ་ལྟས་ན་སྲིད་འཛིན་མའི་སྲིད་གཞུང་ལ་ད་ལྟ་མང་ཚོགས་འཕྲོད་སྐྱོན་བརྗོད་ཤུགས་ཆེ་ཡོང་གི་ཡོད་པར་ཁོང་གིས་ད་རེས་གནས་སྐབས་རྒྱ་ནག་གཞུང་གི་ཁོང་ཁྲོ་ལས་མི་མང་མང་ཚོགས་ཀྱི་རང་གི་ཚོགས་པར་རྒྱབ་སྐྱོར་མ་ཤོར་བ་བྱ་རྒྱུ་དེ་གནས་དགག་ཆེ་བ་འཛིན་ཏེ་༸གོང་ས་མཆོག་ཐའེ་ལྦན་ནང་ཕེབས་ཆོག་པའི་བཀའ་ཁྲོལ་གནང་རྒྱུའི་དགོངས་པ་བཞེས་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད།

སྤྱི་ནོར་༸གོང་ས་མཆོག་ཐའེ་ལྦན་ནང་ཟླ་བ་དེའི་ཕྱི་ཚེས་སུམ་ཅུ་སོ་གཅིག་རེས་གཟའ་ཟླ་བའི་ཉིན་ཆིབས་བསྒྱུར་གྱིས་ཉིན་གྲངས་བཞིའི་མཛད་འཆར་སྐྱངས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎