རྒྱ་ནག་གི་དམག་དཔོན་ཞིག་རྒྱ་གར་དུ་འཚམས་འདྲི།
2009.12.09
༄༅༎རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་ཆེད་གཏོང་བྱས་པའི་རྒྱ་ནག་མི་མང་བཅིངས་བཀྲོལ་དམག་གི་བོད་ནང་གི་དམག་དཔོན་མཐོ་གྲས་ཧྲུའུ་ཡུ་ཐའེ་ཕྱི་ཚེས་བརྒྱད་ཉིན་རྒྱ་གར་གྱི་གྲོང་ཁྱེར་ཀེལ་ཀ་ཊ་རུ་ཕེབས་ནས་གྲོང་ཁྱེར་དེའི་ནང་ཡོད་པའི་རྒྱ་གར་གྱི་ཤར་ཕྱོགས་ཁུལ་གྱི་དམག་དོན་དཔུང་སྡེ་ཕོ་ཊི་ལྦི་ལི་ཡེམ་གྱི་དམག་དཔོན་རྣམ་པ་དང་མཇལ་འཕྲད་གནང་ཏེ་རྒྱ་གར་དང་རྒྱ་ནག་དབར་རྩོད་རྙོག་ཡོད་བཞིན་པའི་རྒྱ་ནག་གི་དབང་འཛིན་འོག་གནས་པའི་བོད་ཀྱི་ས་མཚམས་ཁུལ་སྒོ་མོ་ཕྱེ་རྒྱུའི་གནད་དོན་ཐོག་ཕན་ཚུན་བསམ་ཚུལ་སྤེལ་རེས་གནང་ཡོད་པ་རེད་ ད་རེས་རྒྱ་ནག་གི་དམག་དཔོན་ཧྲུའུ་ཡུ་ཐའེ་རྒྱ་གར་ནང་ཕེབས་ཡས་དེ་ཡང་ཟླ་བ་ཁ་ཤས་ཀྱི་གོང་རྒྱ་གར་གྱི་དམག་དཔོན་ལྦི་ཀེ་སིང་གིས་སྣེ་ཁྲིད་པའི་རྒྱ་གར་དམག་དཔུང་གི་སྐུ་ཚབ་ཚོགས་པ་ཞིག་བོད་ལ་ཕེབས་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡོད་པའི་རྒྱ་ནག་མི་མང་བཅིངས་བཀྲོལ་དམག་གི་དཔུང་ཁག་ལ་འཚམས་གཟིགས་གནང་ཏེ་འབྲེལ་ཡོད་དམག་དཔོན་རྣམ་དང་ལྷན་དུ་ཕྱོགས་གཉིས་དབར་དམག་དོན་གནད་དོན་ཐོག་དགོངས་ཚུལ་སྤེལ་རེས་གནང་ཡོད་པ་བཞིན་ རྒྱ་ནག་གི་དཔོན་རིགས་དེའི་ལན་དུ་ད་རེས་རྒྱ་གར་གྱི་ས་མཚམས་དཔུང་དམག་ཁག་ལ་འཚམས་གཟིགས་སུ་ཕེབས་པ་ཞིག་ཡིན་པའི་སྐོར་རྡ་ཊེ་ལི་གེརེཕ་ཞེས་པའི་ཚགས་ཤོག་གི་ཐོག་གནས་ཚུལ་སྤེལ་འདུག རྒྱ་ནག་གི་དམག་དཔོན་ཧྲུའུ་ཀེལ་ཀ་ཊའི་རྒྱ་གར་གྱི་དམག་དོན་ལྟེ་གནས་སུ་འཚམས་གཟིགས་གནང་ཡོད་པའི་ཁར་འབྲས་ལྗོངས་ཀྱི་ས་མཚམས་ས་སྲུང་དམག་དཔུང་གི་ལྟེ་གནས་བྱང་སྦེང་གོལ་གྱི་སུཀ་ན་ས་གནས་ནང་རྟེན་གཞི་བྱས་པའི་དམག་སྡེ་ཨང་༣༣ལ་ཡང་འཚམས་གཟིགས་གནང་རྒྱུ་དང་ཕྱི་ཚེས་བཅུ་གཅིག་ཉིན་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་དྲུ་བརྒྱུད་བོད་ལ་ཕྱིར་ལོག་བྱེད་ཀྱི་ཡོད་པ་རེད་ རྒྱ་གར་ཕྱོགས་ནས་ད་རེས་རྒྱ་ནག་གི་དམག་དཔོན་རྒྱ་གར་གྱི་དམག་སྡེ་ཁག་དུ་མཚམས་གཟིགས་སུ་ཕེབས་པ་དེས་ཕྱོགས་གཉིས་དབར་རྩོད་གླེང་ཡོད་བཞིན་པའི་ས་མཚམས་ཀྱི་གནད་དོན་ཐག་གཅོད་ཡོང་རྒྱུར་ཕན་ཐོགས་ཡོད་པ་ཞིག་ཡིན་ལུགས་གསུང་གི་ཡོད་འདུག