རྒྱ་ནག་འགོ་ཁྲིད་ནང་ཁུལ་གྱི་འབྲེལ་ལམ།
2012.05.26
༄༅༎རྒྱ་ནག་གུང་གྲན་ཏང་གི་འགོ་ཁྲིད་ཚོས་པའོ་ཞི་ལའེ་གནས་དབྱུངས་བཏང་རྗེས་ད་དུང་འགོ་ཁྲིད་ནང་ཁུལ་ཆིག་སྒྲིལ་ཡོད་པའི་རྣམ་འགྱུར་སྟོན་ཐབས་མེད་པ་མ་ཟད། དེས་གཞི་རིམ་རྒྱ་ནག་མི་མང་ནང་འདོད་བློ་མ་ཚིམ་པ་ཤུགས་ཆེ་ཡོང་སྲིད་ལུགས་ལྦང་ཏན་གྱིས་གསུངས་གནང་འདུག
ལྦང་ཏན་ནི་ཕྱིལོ་༡༩༨༩་ལོར་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་གི་མང་གཙོའི་ལས་འགུལ་སྤེལ་སྐབས་སློབ་ཕྲུག་གི་འགོ་ཁྲིད་གྲས་ཤིག་ཡིན་ཞིང་། སློབ་ཕྲུག་གི་མང་གཙོའི་ལས་འགུལ་ལ་རྒྱ་ནག་གི་དྲག་གནོན་བྱས་རྗེས་ཨ་རིར་ཕེབས་ཏེ་སློབ་གཉེར་མཇུག་སྐྱོང་གནང་བ་རེད། ལྦང་ཏན་ནི། རྒྱ་ནག་གི་མང་གཙོའི་ལས་འགུལ་གྱི་འགོ་ཁྲིད་གྲགས་ཅན་ཞིག་ཡིན་པ་རེད། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་པའོ་ཞི་ལའེ་གནས་དབྱུངས་བཏང་བའི་སྐོར་ཝང་ཏན་ལ་དགོངས་ཚུལ་བཀའ་འདྲི་ཞུས་པར་། འདི་ལོ་རྒྱ་ནག་ནང་ཆབ་སྲིད་བསྒྱུར་བ་ཡོང་ངེས་པ་མ་ཟད། གང་ཡང་ཡོང་སྲིད་པ་རེད་ཅེས་ཁོང་གིས་ལན་འདེབས་གནང་འདུག རྒྱ་ནག་གི་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་དང་ཆབ་སྲིད་ཅུས་ཀྱི་མི་སྣ་པའོ་ཞི་ལའེ་ལ་སྒྲིག་འགལ་གནད་དོན་ཚབས་ཆེན་ལ་གྱོད་ཁོངས་སུ་བཅུག་ནས་གནས་དབྱུངས་བཏང་བ་ཡིན་པ་རེད། ཁོང་གིས་དབང་ཆ་ལོག་པར་སྤྱད་དེ་དངུལ་དངོས་གསོག་འཇོག་བྱས་ཡོད་པའི་དཔང་རྟགས་ཐེར་འདོན་གནང་བཞིན་པ་རེད། པའོ་ཞི་ལའེ་ཡིས་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ཝང་ལི་ཅུན་གོ་གནས་ནས་ཕབ་པར་བརྟེན་ཁོང་གིས་ཁྲེང་ཏུའུ་ཡོད་པའི་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁང་དུ་སྐྱབས་བཅོལ་ཞུས་རྗེས། རྒྱ་ནག་གཞུང་གིས་འཛིན་བཟུང་དོ་དམ་བྱས་པ་མ་ཟད་པའོ་ཞི་ལའེ་ཆབ་སྲིད་ཅུས་ཀྱི་ཚོགས་མི་ནས་གནས་དབྱུངས་བཏང་བ་རེད། རྒྱ་ནག་གི་འགོ་ཁྲིད་ཚོས་ལྐོག་ཟ་བྱེད་ཀྱི་ཡོད་པ་དང་། གཉེན་ཉེ་རྒྱལ་སྲས་སུ་གྲགས་པ་ཚོས་ཚོང་པ་ཆེ་ཁག་དང་འབྲེལ་བ་བྱས་ཏེ་བར་ཁེ་རྒྱག་གི་ཡོད་པ་རེད།
འོན་ཀྱང་འགོ་ཁྲིད་ཚང་མ་འཆམ་མཐུན་གྱི་རྣམ་པ་ཞིག་ད་བར་སྟོན་ཐུབ་ཡོད་ཀྱང་ད་ནས་རྒྱ་ནག་གི་འགོ་ཁྲིད་ནང་ཡིད་སྟོན་་མི་རུང་བའི་གནས་སྟངས་ཆགས་ཡོད་སྐོར་ཝང་ཏན་གྱིས་གསུངས་གནང་འདུག།