འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་ལ་འབོད་སྐུལ།
2012.01.21
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་གིས་གཞུང་ཕྱོགས་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཚོའི་ཐོག་རྡུང་རྡེག་གཏོང་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གཟའ་པ་སངས་ཉིན་བརྗོད་ན། རྒྱ་ནག་གཞུང་གིས་ཉིན་ཤས་གོང་རྒྱ་ནག་གཞུང་ཕྱོགས་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ལིའི་དལ་ལ་ བཙོན་འཇུག་ལོ་བཅུའི་ཉེས་ཆད་བཏང་བའི་གནད་དོན་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་གཞུང་ཕྱོགས་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཚོའི་ཐོག་རྡུང་རྡེག་གཏོང་བའི་ལས་འགུལ་དེ་རིགས་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། རྒྱ་ནག་ལྦུའུ་ཧན་འབྲིང་རིམ་ཁྲིམས་ཁང་གིས་ལིའི་དལ་གྱིས་དམངས་གཙོར་ཁ་གཡར་ནས་རྒྱ་ནག་མགོ་སྟིང་སློག་རྩིས་ཀྱི་དམིགས་ཡུལ་འཛིན་གྱི་ཡོད་པའི་ཉེས་བཙུགས་ཐོག་ནས་བཙོན་འཇུག་ལོ་བཅུའི་ཁྲིམས་བཅད་བཏང་ཡོད་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་མགྲིན་ཚབ་པ་ རུ་པཊ་ ཀིལ་བིལ་ཡིས་གསུངས་ན། དེ་ནི་ན་ནིང་ཕྱི་ཟླ་བཅུ་གཉིས་ནས་ད་བར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བར་ཁྲིམས་བཅད་གཏོང་བ་ཨང་བཞི་པ་དེ་ཡིན་པ་དང་། རྒྱ་ནག་གཞུང་གིས་འཇིགས་སྐུལ་གྱི་དམིགས་ཡུལ་ཆེད་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་ཚོར་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་ཐུགས་འཚབ་ཡོད་པའི་སྐོར་གསལ་སྟོན་གནང་བཞག།