སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༧གོང་ས་མཆོག་དང་མཇལ་འཕྲད།
2018.01.17
རྒྱ་གར་སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Nitish Kumar)་མཆོག་གིས་༧གོང་ས་མཆོག་དང་ཡང་བསྐྱར་མཇལ་འཕྲད་ཞུས་འདུག
སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ ནི་ཏྴི་ཀུ་མཱར་མཆོག་གིས་ཕྱི་ཟླ་ ༡ ཚེས་ ༡༧ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཆེད་དུ་མཇལ་འཕྲད་ཞུས་འདུག འདིའི་གོང་ཕྱི་ཟླ་ ༡ ཚེས་ ༧ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ནང་པའི་ཚན་རིག་ཀུན་བཏུས་དབྱིན་བསྒྱུར་ཟིན་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཇི་ལྟར་གདན་ཞུ་ཕུལ་བ་ལྟར་ཆེད་ཕེབས་གནང་ཡོད་པ་རེད། འོན་ཀྱང་སྐབས་དེར་ལྷོད་མཇལ་བྱུང་མེད་ཅིང་། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་སྐུ་ངོས་ནས་ཆེད་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཟུར་མཇལ་ཞུ་རྒྱུའི་དུས་ཚོད་ཞུས་པ་ལྟར། ཕྱི་ཚེས་ ༡༦ ཉིན་དུས་ཡུན་ཚོུད་ཕྱེད་ཀ་ལྷག་ལྷོད་མཇལ་ཞུས་འདུག་ལ། མཇལ་འཕྲད་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ནི་འཛམ་གླིང་མི་འབོར་ས་ཡ་མང་པོས་དད་པ་ཞུ་ཡུལ་གྱི་གནས་རྩ་ཆེན་ཞིག་ཡིན་པར་བརྟེན། རྒྱ་གར་དབུས་གཞུང་དང་ས་གནས་གཞུང་གཉིས་ཀའི་ངོས་ནས་འགྲིམ་གྲུལ་ལ་སོགས་པའི་མཐུན་རྐྱེན་ཡར་རྒྱས་གཏོང་རྒྱུར་དགོངས་བཞེས་གནང་དགོས་པ་དང་། དེ་དང་ཕྱོགས་མཚུངས་གནས་མཆོག་རྡོ་རྗེ་གདན་འདི་ནང་པའི་ལྟ་གྲུབ་སློབ་གཉེར་བྱ་ཡུལ་གྱི་ལྟེ་གནས་ཤིག་བཟོ་ཐབས་ཐད་འབད་བརྩོན་གནང་དགོས་པའི་སྐུལ་མ་ཞུས་གནང་འདུག
ཡང་སྤྱི་ཁྱབ་བློན་ཆེན་ནི་ཏྴི་ཀུ་མཱར་མཆོག་གིས་མངའ་སྡེའི་ནང་ཆང་རིགས་ཚོང་བསྒྱུར་མི་ཆོག་པའི་ཁྲིམས་སྒྲིག་ལག་བསྟར་བྱེད་བཞིན་པ་དང་། ཁོང་གི་ངོས་ནས་དཔལ་ན་ལེནྜའི་གཙུག་ལག་སློབ་གཉེར་ཁང་ཞིག་འཛུགས་བསྐྲུན་བྱ་རྒྱུའི་འཆར་གཞིའི་འཕེལ་རིམ་སོགས་སྙན་སེང་ཞུས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལེགས་གསོའི་མངགས་བརྗོད་གནང་འདུག།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ཟླ་ ༡ ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་རིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་དང་སཱ་ལུ་ལྗང་པའི་རྟེན་འབྲེལ་གྱི་མདོའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་པ་དང་། དེ་ནས་ཕྱི་ཚེས་ ༡༤ ནས་ ༡༦ བར་བྱང་ཆུབ་སེམས་འགྲེལ་དང་ལག་ལེན་སོ་བདུན་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས། ཕྱི་ཚེས་ ༡༦ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་ཞིང་། དེ་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་ཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
ད་ལན་བྷེ་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Nitish Kumar)་མཆོག་དང་ལྷན་དུ་མངའ་སྡེའི་དྲུང་ཆེ་ཆེན་མོ་(Anjani Kumar Singh)་མཆོག་དང་། བྷེ་ཧར་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་པ་སྐུ་ཞབས་(P.K. Thakur) དེ་བཞིན་(Magadh)་རྫོང་གི་རྫོང་དཔོན་(Jitendra Srivastav) མཆོག་བཅས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་བར་ཕེབས་ཡོད་འདུག མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དཔལ་ན་ལེན་ཌ་གཙུག་ལག་སློབ་གྲ་ཆེན་མོ་༧གོང་ས་མཆོག་གིས་གསར་འཛུགས་གནང་རྒྱུ་དང་ཡར་རྒྱས་གཏོང་རྒྱུར་ཐུགས་འཁུར་ཆེ་བཞེས་གནང་བཞིན་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྷེ་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Nitish Kumar)་མཆོག་ལ་བསྔགས་བརྗོད་ཞུས་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།