རྒྱ་ནག་གི་དབུས་གཞུང་གི་བདེ་འཇགས་དཔོན་རིགས་བོད་ནང་བསྐྱོད་ནས་ཁ་བྲལ་ལ་ངོ་རྒོལ་དང་བརྟན་ལྷིང་ལ་ཤུགས་སྣོན་ཟེར་བའི་ཚོགས་འདུ་འཚོགས་ཡོད་པ།

2024.09.17
རྒྱ་ནག་གི་དབུས་གཞུང་གི་བདེ་འཇགས་དཔོན་རིགས་བོད་ནང་བསྐྱོད་ནས་ཁ་བྲལ་ལ་ངོ་རྒོལ་དང་བརྟན་ལྷིང་ལ་ཤུགས་སྣོན་ཟེར་བའི་ཚོགས་འདུ་འཚོགས་ཡོད་པ།
weixin

རྒྱ་ནག་སྲིད་ཁྲིམས་ལྷན་ཁང་གི་བློན་ཆེན་གྲན་ཝན་ཆིང་ཉེ་ཆར་བོད་ནང་བསྐྱོད་ནས་ཁ་་བྲལ་ལ་ངོ་རྒོལ་དང་བརྟན་ལྷིང་ལ་ཤུགས་སྣོན་ཟེར་བའི་ཚོགས་འདུ་འཚོགས་ནས་བོད་ནང་མུ་མཐུད་བརྟན་ལྷིང་མེད་ལུགས་གསལ་སྟོན་བྱས་ནས་དམ་དྲག་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྔོན་བརྡ་གཏོང་བ་རེད།  རྒྱ་ནག་གི་བདེ་འཇགས་དཔོན་རིགས་མཐོ་ཤོས་བོད་ཁུལ་དུ་བསྐྱོད་པ་དེ། ཉེ་དུས་ཨ་རི་གཞུང་གིས་བོད་དོན་ཁྲིམས་ཡིག་གཏན་འབེབས་གནང་བ་དང་འབྲེལ་བ་ཡོད་སྲིད་པའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དབྱེ་ཞིབ་གནང་འདུག རྒྱ་ནག་སྲིད་ཁྲིམས་ལྷན་ཁང་གི་བློན་ཆེན་གྲན་ཝན་ཆིང་ཕྱི་ཟླ་དགུ་པའི་ཚེས་༡༠ནས་༡༣བར་བོད་ནང་ལྟ་སྐོར་ཆེད་བསྐྱོད་ཡོད་པ་དང་།  རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་མ་བསྐྱོད་གོང་སི་ཁྲོན་ཞིང་ཆེན་ཁོངས་སུ་ཡོད་པའི་དཀར་མཛེས་ཁུལ་དུ་བསྐྱོད་པའི་སྐབས་ལ་ཡང་ཁ་བྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་ཚོགས་འདུ་བསྐོངས་འཚོགས་བྱས་ཡོད་ཅིང་།   དེའི་ཐོག་གྲན་ཝན་ཆིང་གིས་སྲིད་ཁྲིམས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་བོད་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་གཙོ་གནད་དུ་བཟུང་ནས་སྤྱི་ཡོངས་ཀྱི་མཐུན་སྦྱོར་ལ་དམ་པོར་དམིགས་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་དང་འཕེལ་རྒྱས་དང་བདེ་འཇགས་ཀྱི་གནད་དོན་ཆེན་པོ་གཉིས་ལ་དམིགས་ནས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་སྲུང་ནུས་ལྡན་བྱེད་དགོས་ལུགས་སོགས་བཤད་ཡོད་འདུག རྒྱ་ནག་སྲིད་ཁྲིམས་ལྷན་ཁང་གི་བློན་ཆེན་གྲན་ཝན་ཆིང་ནི་རྒྱ་ནག་གི་ཆེས་་མཐོའི་དཔོན་རིགས་ཞི་ཅིན་ཕིང་དང་ཉེ་པོ་ཡིན་པར་བརྩི་བཞིན་ཡོད་པ་དང་།  གྲན་ཝན་ཆིང་ཕྱི་ལོ་༢༠༢༢ ལོའི་ཟླ་༡༠ པའི་ནང་ཚོགས་པའི་རྒྱ་ནག་ད་མར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠པའི་རྗེས་སུ་རྒྱ་ནག་གི་བདེ་འཇགས་དཔོན་རིགས་མཐོ་ཤོས་ཀྱི་ལས་གནས་སུ་བསྐོ་བཞག་བྱས་པ་ཞིག་ཡིན་ཞིང་།  བོད་དང་། ཤིན་ཅང་ངམ་ཤར་ཏུར་ཀི་སི་ཐན་ལ་ཞིབ་བཤེར་དམ་དྲག་གི་སྲིད་ཇུས་འཛིན་རྒྱུ་དང་།   ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུར་ཡོངས་བསྒྲགས་ཀྱིས་རྒྱབ་སྐྱོར་བྱས་ཡོད་པ་རེད་།  ད་རེས་རྒྱ་ནག་གི་བདེ་འཇགས་དཔོན་རིགས་མཐོ་ཤོས་གྲན་ཝན་ཆིང་བོད་ཁུལ་དུ་བསྐྱོད་པ་དེ་དང་ད་ལོ་ཕྱི་ཟླ་བདུན་པའི་ནང་ཨ་རིའི་སྲིད་འཛི་གྱིས་བོད་དོན་སྐོར་ཁྲིམས་ཡིག་ལ་མཚན་རྟགས་འཁོད་པ་དང་འབྲེལ་བ་ཡོད་སྲིད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ངོས་འཛིན་གནང་གི་ཡོད་པ་དང་།  ཁྲིམས་ཡིག་དེ་དངོས་སུ་ཨ་རིའི་ཁྲིམས་སུ་གྱུར་བའི་སྐབས་རྒྱ་ནག་ཕྱི་སྲིད་ལས་ཁང་གི་་མགྲིན་ཚབ་པས་དེ་ནི་ཨ་རི་གཞུང་གིས་རྒྱ་ནག་གི་ནང་སྲིད་ལ་ཚབས་ཆེའི་ཐེ་བྱུས་བྱས་པ་ཞིག་ཡིན་པ་མ་ཟད་།  བོད་རང་བཙན་རྩོད་མཁན་གྱི་ཁ་བྲལ་སྟོབས་ཤུགས་ལ་ནོར་འཁྲུལ་གྱི་གོ་བརྡ་སྤྲད་པ་ཞིག་ཡིན་་ལུགས་ཀྱི་བསྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད།  

གསར་འགོད་པ། འཆི་མེད།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎