ཆབ་མདོ་རྫོང་ཀརྨ་དགོན་གྱི་གྲ་པ་༡༠༤ཕྱིར་བུད་བཏང་འདུག
2012.03.13
༄༅༎ཆབ་མདོ་རྫོང་ཀརྨ་དགོན་དུ་ལས་དོན་རུ་ཁག་སླེབས་ནས་ད་ཆ་གྲ་པ་༡༠༤ཕྱིར་བུད་བཏང་ཡོད་པ་རེད་ ཁོང་རྣམ་སོ་སོ་ཚུར་ཡོང་ཁུངས་ཀྱི་་གྲོང་ཚོ་དང་གྲོང་སྡེ་ཁག་ལ་ཕྱིར་བུད་བཏང་ནས་བཙན་དབང་གིས་ཐོག་ནས་གྲ་པ་དེ་དག་ལ་མི་སྐྱའི་ཞིང་ལས་བྱེད་བཅུག་གི་ཡོད་་ ཕྱིར་བུད་བྱས་པའི་གྲ་པ་དེ་དག་གིས་གྲོང་ཚོ་ཨུ་ཡོན་ལས་ཁང་གིས་བཀོད་ཁྱབ་ལྟར་ལས་དོན་འགྲུབ་དགོས་ཀྱི་ཡོད་འདུག གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་ལས་དོན་རུ་ཁག་ཤང་སྲིད་གཞུང་གི་ཆོག་མཆན་བཅས་མེད་པར་་གྲ་པ་ཚོ་ས་ཆ་དེ་ནས་ཁ་བྲལ་ཆོག་གི་མེད་པ་རེད་
དེ་ལྟར་ཕྱིར་བུད་བྱས་པའི་གྲ་པ་དེ་ཚོའི་གནས་སྟངས་ཐོག་དོ་བདག་གི་ནང་མི་དང་གྲོང་ཚོའི་དོ་དམ་ལྷན་ཁོང་དང་དོ་བདག་རང་ཉིད་བཅས་ཀྱིས་འགན་འཁུར་ཡི་གེ་ཞིག་བཞག་དགོས་ཡོད་པ་ ཆབ་མདོ་རྫོང་ཀརྨ་དགོན་པའི་བདག་གཉེར་ཨུ་ཡོན་ལྷན་གིས་འབྲེལ་ཡོད་ཡིག་ཆ་ཨང་༡༢༥ཡིན་པ་ཞིག་འདི་གར་རླུང་འཕྲིན་ཁང་ལ་ལག་སོན་བྱུང་བའི་ནང་གསལ་ཡོད་
ཡང་ཉེ་བའི་ཆར་དགོན་པའི་ལས་དོན་རུ་ཁག་གིས་ཀརྨ་དགོན་གྱི་གྲ་པ་ཡོངས་ཀྱི་གྲ་ཤག་ནང་དུ་མའོ་ ཏེང་ ཅང་ ཧུ་བཞིའི་འདྲ་པ་འགེལ་དགོས་པའི་བཀའ་རྒྱ་བཏང་འདུག་མ་ཟད་ གྲ་པ་ཚོ་དང་ཞིང་པ་ཚོར་༧གོང་ས་་ཏ་ལའི་བླ་མར་ངོ་རྒོལ་ཡོད་པའི་ས་ཡིག་རྒྱབ་བཅུག་ཡོད་པ་དང་ད་དུང་གོང་ས་ཏ་ལའི་བླ་མ་ལ་ངོ་རྒོལ་ཡོད་པའི་འབོད་སྒྲ་དང་་གུང་བྲན་ཏང་ལ་བཀའ་དྲིན་ཆེན་པོ་ཡིན་པའི་འབོད་སྒྲ་སྒྲོག་པ་ཁག་་བརྙན་པར་ཡང་ལེན་ཡོད་པ་རེད་ གལ་སྲིད་དེ་ལ་སུས་ཀྱང་ཉན་འཇོག་མ་བྱས་ན་དགོན་པ་ནས་ཕྱིར་འབུད་གཏང་རྒྱུ་དང་ཉེས་རྡུང་ཚབས་ཆེན་གཏོང་གི་ཡོད་འདུག
རང་ལུས་མེར་བསྲེག་གཏོང་མཁན་བསྟན་འཛིན་ཕུན་ཚོགས་ཁོང་ན་ནིང་་སྤྱི་ཟླ་༡༢པའི་ཚེས་༦ཉིན་ཆབ་མདོ་རྫོང་སྨན་ཁང་དུ་སྨན་བཅོས་བྱས་ཀྱང་་དོན་འབྲས་མ་སོན་པ་འདས་གྲོངས་སུ་གྱུར་ཡོད་པ་རེད་ ཁོང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་འགེབས་བསུབ་ཀྱི་ཆེད་རྒྱ་ནག་སྲིད་གཞུང་གིས་ས་གནས་ཡུལ་མི་ཚོས་དངོས་ཡོད་གནས་ཚུལ་ཕྱི་ཕྱོགས་ལ་བརྒྱུད་བསྒྲགས་མི་ཆོག་པའི་བཀག་བསྡོམས་བྱས་འདུག་་་མཐར་་བསྟན་འཛིན་ཕུན་ཚོགས་ཀྱི་བཟའ་ཟླ་དང་ཁོང་མོའི་ཕྲུ་གུ་གཉིས་ཀྱང་ཀརྨ་ཤང་ནས་གུ་རུ་ཟེར་བའི་་ས་གནས་ཤིག་དུ་གནས་སྤོས་བྱེད་བཅུག་ཡོད་འདུག བཟའ་ཟླ་ལ་གད་ཕྱིས་་གཙང་བ་བཟོ་བྱེད་ལས་ཀ་ཞིག་སྤྲད་ཡོད་པ་དང་ཕྲུ་གུ་དེ་གཉིས་གུ་རུ་ལ་སློབ་གྲ་འགྲོ་གི་ཡོད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད༎