ལྕགས་མོ་སྐྱིད་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་།

གཟའ་སྤེན་པ་ཚེས་༡༧ཉིན་བོད་མདོ་སྨད་རེབ་གོང་སྨད་པ་ཁ་རྒྱ་སྡེ་བའི་བུད་མེད་ལྕགས་མོ་སྐྱིད་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས་སྐུ་གྲོངས་ཡོད་པ་རེད་འདུག

2012.11.18

དེ་ཡང་འབྲེལ་ཡོད་བརྒྱུད་གནས་ཚུལ་འབྱོར་དོན། ཕྱི་ཟླ་༡༡་ཚེས་༡༧ ཉིན་གྱི་ཆུ་ཚོད་བཞི་པ་མ་ཟིན་ཙམ་ལ་རེབ་གོང་སྨད་པ་ཁ་རྒྱ་སྡེ་བའི་བུ་མོ་ལྕགས་མོ་སྐྱིད་ཀྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རེབ་གོང་༼ཐུན་རིན་༽རྫོང་གཉིས་ཀྱི་སྲིད་འཛིན་ལས་ཁུངས་ཁག་གི་བསྟི་གནས་ཆགས་ཡུལ་རོང་བོ་རྒྱལ་ཐང་གི་དགའ་བདེ་ཁྲོམ་རའི་བྱང་སྒོའི་ལམ་ཆེན་སྟེང་ནས་རང་ལུས་མེར་བསྲེགས་ཀྱིས་ས་གནས་དེ་གར་སྐུ་གྲོངས་ཡོད་པ་དང་།  ས་གནས་མི་མང་གིས་སྐུ་ཕུང་རྒྱ་ལག་ལ་ཤོར་མ་བཅུག་པར་རེབ་གོང་རོང་པོ་དགོན་པའི་སྒྲོལ་མ་ཐང་ཆེན་དུ་གདན་ཞུས་ཀྱིས་ཕ་མ་གཉིས་ཕེབས་རག་བར་སེར་སྐྱ་མི་མང་གིས་སྨོན་ལམ་གསུང་འདོན་གྱིས་ཉར་ཡོད་པ་དང་། ཕ་མ་གཉིས་ཕེབས་ནས་ངོ་ཐག་ཆོད་ཟིན་མཚམས་རེབ་གོང་རོང་བོ་དགོན་ཆེན་གྱི་རྒྱབ་རི་ངོས་ཀྱི་གདོང་རྒྱལ་ཀླད་དུ་གདན་ཞུས་ཀྱིས་སྐུ་ཕུང་ཞུགས་འབུལ་ཞུས་འདུག གདོང་རྒྱལ་ཀླད་ནི་རེབ་གོང་རོང་བོ་དགོན་ཆེན་གྱི་བླ་མ་དང་དགེ་འདུན་པའི་སྐུ་ཕུང་སྦྱིན་བསྲེག་གནང་ས་ལས་མི་སྐྱ་ཁག་གི་ཕུང་བོ་ཞུགས་འབུལ་ཞུ་སྲོལ་མེད་ནའང་། རེབ་གོང་ཁུལ་ཐོག་ནས་མེར་བསྲེགས་གནང་བའི་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་དང་སྐལ་བཟང་སྦྱིན་པ་གཉིས་ཀྱི་སྐུ་ཕུང་གནས་དེར་སྦྱིན་བསྲེག་གནང་བ་མ་ཟད། མི་མང་གིས་ཕྱག་འཚལ་ཏེ་ཁ་བཏགས་བཏང་ནས་སྐུ་ཕུང་སྦྱིན་བསྲེག་གནང་ཡོད་པ་དང་། དེ་རིང་རྒྱལ་གཅེས་དཔའ་མོ་ལྕགས་མོ་སྐྱིད་ཀྱི་སྐུ་ཕུང་ཡང་ལའང་མི་མང་གིས་ཕྱག་འཚལ་ཞིང་ཁ་བཏགས་འཐེན་ཏེ་ས་གནས་དེར་ཞུགས་འབུལ་བྱས་ཡོད་འདུག་ལ། དེ་ནི་ལོ་རྒྱུས་སྟེང་བུད་མེད་ཅིག་གི་སྐུ་ཕུང་རེབ་གོང་གདོང་རྒྱལ་ཀླད་དུ་ཞུགས་འབུལ་བྱས་པ་ཐོག་མ་ཆགས་ཡོད་འདུག

བུ་མོ་ལྕགས་མོ་སྐྱིད་ནི་རེབ་གོང་སྨད་པ་ཁ་རྒྱ་སྡེ་བ་ནས་ཡིན་པ་དང་། ཕ་འབྲུག་བྱམས་འབུམ་དང་མ་སྒྲོལ་འཚོ་གཉིས་ཀྱི་བུ་མོ་ཡིན་པ་དང་། བརྒྱུད་ལམ་གཞན་ཞིག་ནས་ཐོས་ཚོད་ལྟར་ན་ཁོ་མོར་བྱིས་པ་གཉིས་ཡོད་འདུག་སྐད།

དགོང་དྲོར་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་སྐུ་གདུང་ཞུགས་འབུལ་ཞུ་ཡུལ་གདོང་རྒྱལ་ཀླད་དུ་མཉམ་འཛོམས་ཀྱིས་རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་མ་ཎི་དབྱངས་འདོན། སྨོན་ལམ་གསུང་འདོན་བཅས་ཀྱི་ལམ་ནས་སྐུ་གདུང་ཞུགས་འབུལ་ཞུས་འདུག་པ་དང་།

ད་ལྟ་རེབ་གོང་ཁུལ་ཐོག་ཏུ་དེང་རབས་གོ་མཚོན་ཐོགས་པའི་དམག་མི་དང་ཉེན་རྟོག་པ་ཕོན་ཆེན་པོ་འབྱོར་ནས་འགྲུལ་བསྐྱོད་དང་བཅས་པར་དམ་དྲག་ཤུགས་ཆེ་བྱེད་ཀྱིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎