དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་བཀག་སྡོམ་བྱས་འདུག
རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་(CGTN)ཡིས་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལས་དོན་སྤེལ་བཞིན་པར་བརྟེན་དབྱིན་ཡུལ་གཞུང་གིས་བཀག་སྡོམ་བྱས་འདུག
དབྱིན་ཇིའི་གཞུང་གིས་འདི་ཚེས་༤རེས་གཟའ་ཕུར་བུའི་ཉིན། དབྱིན་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་(CCTV)་གྱི་དབྱིན་སྐད་བརྙན་འཕྲིན་(CGTN)ཚན་པས། རང་དབང་ཅན་གྱི་གསར་འགྱུར་བཀོད་སྤེལ་མི་བྱེད་པར་རྒྱ་ནག་གཞུང་གི་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་གྱི་ཡོད་པའི་སྐྱོན་འཛུགས་དང་འབྲེལ། གཞུང་འབྲེལ་གསར་ལས་ཁང་དེ་དབྱིན་ཡུལ་ནང་རྒྱང་སྲིང་ཆོག་པའི་ཆོག་མཆན་ཕྱིར་བསྡུ་བྱས་ཡོད་པ་དང་། དེའི་རྗེས་སུ་རྒྱ་ནག་གཞུང་གིས་དེར་འཁོན་ལན་ལྟ་བུར་དབྱིན་ཇིའི་བྷེ་བྷེ་སི་(BBC)གསར་ལས་ཁང་གིས་རྒྱ་ནག་གི་ཐད་རྫུན་གཏམ་ཁྱབ་སྤེལ་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་བྱེད་འགོ་བཙུགས་ཡོད་པ་རེད།
རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གིས་དབྱིན་ཇིའི་བྷེ་བྷེ་སི་གསར་ལས་ཁང་གིས། ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གནས་ཚུལ་ཁྱབ་སྤེལ་ནང་། གནས་ཚུལ་རྫུན་མ་སྤེལ་ཡོད་པས་དགོངས་སེལ་ཞུ་དགོས་ཀྱི་ཡོད་ལུགས་དང་། ཡང་རྒྱ་ནག་གི་གཞུང་འབྲེལ་གོ་ལའི་གསར་ཤོག་གི་རྩོམ་སྒྲིག་པས་(Twitter)ཐོག་དབྱིན་ཇིའི་བྷེ་བྷེ་སི་གསར་ལས་ཁང་ནི། ཨ་མི་རི་ཀ་དང་དབྱིན་ཇིའི་གསང་བའི་ལས་ཁུངས་གཉིས་ཀྱི་རྒྱུད་སྐུལ་འོག་རྒྱ་ནག་ཕྱོགས་སུ་ནུབ་ཕྱོགས་པའི་དྲིལ་བསྒྲགས་ཀྱི་བསམ་ཚུལ་སྤེལ་སའི་ལག་ཆ་ཞིག་ཡིན་ལུགས་ཀྱི་སྐྱོན་འཛུགས་བྱས་ཡོད་པ་དང་། ཡང་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་དབྱིན་ཇིའི་གཞུང་གིས་རྒྱ་ནག་གི་བརྙན་འཕྲིན་རྒྱང་སྲིང་ལས་ཁུངས་ཀྱི་ཆོག་མཆན་ཕྱིར་བསྡུ་བྱས་པར་རྒྱ་ནག་ཕྱོགས་ནས་གཅིག་མཚུངས་ལན་འདེབས་བྱ་རྒྱུ་ཡིན་ལུགས་གཏམ་བཤད་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཕྱི་རྒྱལ་གྱི་རང་དབང་ཅན་གྱི་གསར་འགྱུར་ལས་རིམ་ཁག་རྒྱང་སྲིང་བྱེད་མ་བཅུག་པར་བཀག་སྡོམ་བྱེད་བཞིན་པ་ལྟར། དབྱིན་ཇིའི་བྷེ་བྷེ་སི་ཡི་རྒྱང་སྲིང་ལས་རིམ་བཀག་སྡོམ་བྱེད་བཞིན་ཡོད་པ་རེད། འོན་ཀྱང་བྷེ་བྷེ་སི་ཡི་གསར་འགོད་པ་རྒྱ་ནག་ནང་གནས་ཚུལ་བཀོད་སྤེལ་ཆེད་གནས་མུས་ཡིན་པ་དང་། ཉེ་བའི་གནད་དོན་ལ་མཚོན་ནའང་བྷེ་བྷེ་སི་ཡི་གསར་འགོད་པས། རྒྱ་ནག་གིས་དོ་དམ་བྱེད་བཞིན་པའི་བཙོན་རྭའི་ནང་། ཡུ་གུར་ཁ་ཆེའི་བེུད་ལ་བཙན་གཡེམ་བྱས་པའི་གནས་ཚུལ་སྤེལ་ཏེ་རྒྱ་ནག་གཞུང་ངོ་ཚ་དགོས་པ་བཟོས་ཡོད་པ་རེད།
དབྱིན་ཇིའི་(Daily Telegraph)ཞེས་པའི་གསར་ཤོག་གིས། རེས་གཟའ་ཕུར་བུའི་ཉིན་སྤེལ་བའི་གནས་ཚུལ་གཞན་ཞིག་གི་ནང་། སྔར་ལོ་དབྱིན་ཡུལ་ནང་གསར་འགོད་པའི་མཐོང་མཆན་(Visa)ཐོག་སླེབས་པའི་རྒྱ་རིགས་གསར་འགོད་པ་གསུམ། དོན་དངོས་ལ་རྒྱ་མིའི་སོ་མྱུལ་ཡིན་པ་ཤེས་རྟོགས་ཀྱི་རྗེས་སུ་རྒྱལ་ཁབ་ནས་ཕྱིར་ཕུད་བཏང་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ནི་གནད་དོན་དབྱེ་ཞིབ་པ་ཚོས། དབྱིན་ཡུལ་དང་རྒྱ་ནག་གཉིས་ཀྱི་བར་ཧོང་ཀོང་ནང་དམངས་གཙོའི་ཁེ་དབང་མེད་པ་བཟོས་པའི་གནད་དོན་ལ་དབྱིན་ཇིའི་གཞུང་གིས་དགག་པ་དང་སྐྱོན་བརྗོད་བྱེད་བཞིན་པའི་གནད་དོན་དང་། ཡང་དབྱིན་ཇིའི་གཞུང་གིས་རྒྱ་ནག་གི་(Huawei)འཕྲུལ་རྩལ་ཁེ་ལས་ཚན་པས་ལས་དོན་བྱེད་ཕྱོགས་ཚུལ་མཐུན་མིན་པ་གསལ་སྟོན་བྱས་བ་ལ་སོགས་པའི་གནད་དོན་དུ་མ་ཞིག་གི་ཐོག་མ་འཆམ་པར་འབྲེལ་ལམ་ལ་དཀའ་ངལ་འཕྲད་བཞིན་པའི་མཚོན་དོན་གསལ་པོ་ཞིག་ཡིན་པ་གསུངས་ཀྱི་ཡོད་པ་རེད།