བཙན་བྱོལ་བོད་གཞུང་ལས་བྱེད་རྣམ་པའི་ཚོགས་ཆེན་སྐོར།

བཙན་བྱོལ་བོད་གཞུང་ལས་བྱེད་རྣམ་པའི་ཉིན་གྲངས་གཉིས་རིང་གི་ཚོགས་ཆེན་ཞིག་བཞུགས་སྒར་རྡ་རམ་ས་ལར་སྐོང་ཚོགས་གནང་ཡོད་པ་རེད།

2010.02.27

༄༅༎བཙན་བྱོལ་བོད་གཞུང་བཀའ་ཤག་གི་གོ་སྒྲིག་འོག་འབྱུང་འགྱུར་གྱི་ལོ་ངོ་༥༠རིང་བོད་མིའི་རང་དབང་འཐབ་རྩོད་ཀྱི་གཞི་རྩའི་དམིགས་ཡུལ་དང་ཐབས་ལམ་གསལ་པོ་ཞིག་འཆར་འགོད་གནང་རྒྱུར་བོད་གཞུང་ལས་བྱེད་རྣམ་པའི་ཉིན་གྲངས་གཉིས་རིང་གི་ཚོགས་ཆེན་ཞིག་བཞུགས་སྒར་རྡ་རམ་ས་ལར་སྐོང་ཚོགས་གནང་ཡོད་པ་རེད།

བཙན་བྱོལ་བོད་གཞུང་བཀའ་ཤག་གི་གཟིགས་རྟོག་འོག་བཙན་བྱོལ་ནང་ལོ་ངོ་༥༠འཁོར་བའི་དྲན་རྟེན་ཚོགས་ཆུང་གིས་ཁ་ས་ཕྱི་ཚེས་༢༦དང་དེ་རིང་༢༧བཅས་ཉིན་གྲངས་གཉིས་རིང་རྡ་ཤོད་བུ་ཁྱིམ་སློབ་གྲྭར་གོང་ཞུས་ཚོགས་ཆེན་དེ་གནང་ཡོད་པ་རེད། བཙན་བྱོལ་བོད་མིའི་གཞུང་ཞབས་ལས་བྱེད་པ་༤༠༠མན་ཙམ་ཞིག་གིས་བཙན་བྱོལ་གྱི་སྤྱི་ཚོགས་ནང་ཡུན་གནས་ཐུབ་པའི་བོད་མིའི་ཆོས་དང་ཤེས་ཡོན། འཕྲོད་བསྟེན་དང༌། ཆབ་སྲིད། སྤྱི་ཚོགས་དང་དཔལ་འབྱོར་གྱི་ལམ་ལུགས་གོང་འཕེལ་གཏོང་ཐབས་ཀྱི་སྐོར་ཚོགས་ཆུང་ཁག་བགོས་གནང་བའི་ཐོག་ནས་གྲོས་བསྡུར་ལྷུག་པོ་གནང་འདུག་ལ། བཙན་བྱོལ་རྒྱ་གར་ནང་བོད་པའི་སྤྱི་ཚོགས་ཡུན་རིང་བར་ཁ་མ་ཐོར་བར་གནས་ཐབས་དང༌། ལས་རིགས་འདྲ་མིན་གྱི་ནང་ཆེད་ལས་མི་སྣ་གང་མང་གསོ་སྐྱོང་ཐུབ་ཐབས། བོད་མིའི་བཟང་སྤྱོད་མི་ཉམ་རྒྱུན་འཛིན་ཐུབ་རྒྱུ་དང༌།

རང་ཁ་རང་གསོ་ཐུབ་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡུན་གནས་ཐུབ་ཐབས་སྐོར་ལའང་གཞུང་ཞབས་ལས་བྱེད་པ་ཚོས་གྲོས་བསྡུར་གནང་ཡོད་པ་རེད།

བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་བཀའ་བློན་རྣམ་པ་ཚོས་གཞུང་ཞབས་ལས་བྱེད་པའི་ཚོགས་ཆེན་དེ་གཙོ་སྐྱོང་དང་འབྲེལ། བཀའ་བློན་ཁྲི་པ་མཆོག་གིས་ལྷན་ཚོགས་དབུ་འབྱེད་ཀྱི་གསུང་བཤད་དེ་གནང་འདུག། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་འདས་པའི་ལོ་ངོ་༥༠རིང་གི་ཉམ་མྱོང་ཁག་ལ་ཕྱིར་དམིགས་བལྟས་ནས། གཞུང་ཞབས་ལས་བྱེད་པ་ཚོས་འབྱུང་འགྱུར་གྱི་ལོ་༥༠ནང་བོད་མིའི་འཐབ་རྩོད་ཀྱི་དམིགས་ཡུལ་བསྒྲུབ་ཐབས་སུ་ཐབས་ལམ་ཁ་གསལ་ཞིག་ཐོག་བསམ་བློ་གཏོང་དགོས་རྒྱུ་དང༌། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བོད་མི་ཚོར་རེ་བ་བཟང་ས་ནས་བྱེད་དགོས་པ་དང༌། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ཕེབས་ཀྱི་ཡོད་པ་དེ་ལས་བྱེད་ཡོངས་ནས་སྙིང་བཅངས་ཞུ་དགོས་པའི་སྐོར་ལམ་སྟོན་གསུངས་བཤད་གནང་འདུག།

བཙན་བྱོལ་བོད་གཞུང་གི་ལས་བྱེད་རྣམ་པའི་ཚོགས་ཆེན་དེའི་ཐོག་བཞུགས་སྒར་རྡ་རམ་ས་ལའི་ལས་ཁུངས་མ་ལག་ཁག་གི་གཞུང་ཞབས་ལས་བྱེད་ཡོངས་རྫོགས་ཐོག། བལ་ཡུལ་ནང་གི་སྐུ་ཚབ་དོན་གཅོད་དང་བཙན་བྱོལ་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་༤༢ནས་ཕེབས་པའི་འགན་འཛིན་རྣམ་པ་ཚོ་མཉམ་ཞུགས་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎