ཨ་རིའི་གཞས་པ་ཨེ་ཌམ་གཤེགས་པར་ནང་མིར་ཐུགས་གསོ།
2012.05.09
༄༅༎བོད་དོན་ལ་རྒྱབ་སྐྱོར་ཡུན་རིང་གནང་མཁན་ཨ་རིའི་གཞས་པ་སྙན་གྲགས་ཅན་ཨེ་ཌམ་ཡོཀ་རེས་གཟའ་པ་སངས་ཉིན་སྐུ་ཚེ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཐུགས་ཕམ་གནང་བཞག།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་ཨེ་ཌམ་ཡོཀ་ཡིས་རོལ་དབྱངས་བརྒྱུད་རྒྱལ་སྤྱིའི་ནང་བོད་དོན་སྐོར་གོ་རྟོགས་སྤེལ་རྒྱུར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་དང༌། ཁོང་གིས་བོད་མི་ཚོར་གཏོང་ཕོད་ཆེན་པོའི་སྒོ་ནས་རོགས་རམ་དང་རྒྱབ་སྐྱོར་རྒྱ་གང་ཆེ་གནང་བ་དེ་བོད་མི་ཚོས་དུས་རྟག་ཏུ་བཀའ་དྲིན་སྙིང་བཅངས་ཞུ་རྒྱུ་དང༌། དམ་པ་འདི་ཉིད་ཆེད་གསོལ་འདེབས་སྨོན་ལམ་དང༌། ཁོང་གི་སྐུ་ཟླ་གཙོས་པའི་ནང་མི་རྗེས་ཤུལ་རྣམས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག།
ཨ་རིའི་ནང་སྙན་གྲགས་ཆེ་བའི་ཧིཔ་ཧོཔ་རོལ་གཞས་ཚོགས་པ་སྦིསི་ཀྲི་སྦོ་ཨིསི་(Beastie Boys)གི་གཞས་པ་གཙོ་བོ་ཞིག་ཡིན་པའི་ཆ་ནས་ཨེ་ཌམ་ཡོཀ་ཡིས་༡༩༩༠འི་ནང་བོད་རང་བཙན་གྱི་རོལ་དབྱངས་འདུ་འཛོམས་ཐེངས་འགའ་ཤས་གོ་སྒྲིག་གནང་ནས་རྒྱལ་སྤྱིའི་སྟེང་བོད་དོན་ཁྱབ་གྲགས་གནང་ཡོད་པ་རེད། བོད་རང་བཙན་གྱི་རོལ་དབྱངས་འདུ་འཛོམས་དེ་དག་བརྒྱུད་འཛམ་གླིང་ནང་གི་གཞོན་ནུ་ཚོར་བོད་སྐོར་གྱི་གོ་རྟོགས་སྤེལ་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད་པ་རེད།
བོད་དོན་དང་འབྲེལ་བ་ཡོད་པའི་རྒྱུ་མཚན་ལ་རྟེན་ནས་༡༩༩༥ལོར་ཨེ་ཌམ་ཡོཀ་ཡིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཐོག་མ་དེ་ཞུས་ཡོད་པ་དང༌། དེ་ནས་བཟུང་ཁོང་གིས་ནང་ཆོས་ལ་དོ་སྣང་ཆེན་པོ་གནང་འདུག། དེ་བཞིན་ཁོང་གིས་བོད་ལ་རྒྱབ་སྐྱོར་གནང་ཆེད་ བོད་ནང་རྒྱ་ནག་གིས་ཁྲིམས་འགལ་བཙན་འཛུལ་བྱས་པའི་གནས་ཚུལ་ཡོངས་གྲགས་བཟོས་གནང་རྒྱུ་དང་བོད་དོན་ལས་འགུལ་སྤེལ་ཆེད་ མི་ལ་རས་པ་ཐེབས་རྩ་ཁང་གསར་འཛུགས་གནང་ཡོད་ཅིང༌། ཐེབས་རྩ་དེས་༡༩༩༦ལོར་ཨ་རིའི་སེན་ཕེ་རེན་སིསི་ཀོ་གསེར་གྱི་རྒྱལ་སྒོའི་སྤྱི་གླིང་ནང༌། བོད་རང་བཙན་གྱི་རོལ་དབྱངས་འདུ་ཚོགས་ཐེངས་དང་པ་དེ་གོ་སྒྲིག་གནང་ཡོད་པའི་སར། ཨ་རིའི་མི་དམངས་ཁྲི་གཅིག་ཙམ་འདུ་འཛོམས་བྱུང་ཡོད་ཅིང༌། དེ་ནི་ཨ་རིའི་ས་ཐོག་རོལ་དབྱངས་འཁྲབ་སྟོན་ཐོག་ནས་དཔལ་འབྱོར་འདུ་འགོད་གནང་བ་ཆེ་ཤོས་ཅིག་ཆགས་ཡོད། དེ་ནས་བཟུང་རིམ་པས་གྲོང་ཁྱེར་ནིའུ་ཡོརཀ་དང༌། ལྦ་ཤིང་ཀྲོན་ཌི་སི། ཀྲོཀ་ཡོ། སིཌ་ནི། ཨེམ་སི་ཊར་གྲམས། ཐཡི་པི་ལ་སོགས་པའི་དེ་མིན་འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་ཅིག་ནང་ བོད་རང་བཙན་གྱི་རོལ་དབྱངས་འདུ་འཛོམས་་གོ་སྒྲིག་གནང་ཡོད་པ་རེད།