བཙན་བྱོལ་དུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དབུ་བརྙེས་ཏེ་མི་ལོ་ཉི་ཤུ་འཁོར་འདུག

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་བཙུགས་ནས་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་དང་སྐབས་བསྟུན། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ལོ་རྒྱུས་ཕྱོགས་བསྒྲིགས་གནང་བའི་དེབ་ཅིག་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་སྤྱི་ཟླ་༦པའི་ཚེས་༡༠ཉིན་བཞུགས་སྒར་བོད་ཀྱི་གསོལ་མགྲོན་ཁང་དུ་དབུ་འབྱེད་གནང་ཡོད་ཅིང་། སྲིད་སྐྱོང་མཆོག་ནས་ལས་ཀ་ཅི་རིགས་ལ་མ་འོངས་པའི་ཁ་ཕྱོགས་ཚད་ལྡན་ཡོད་པ་དང་། བསྒྲུབ་བྱའི་དམིགས་ཡུལ་དང་ལས་དོན་བྱེད་ཕྱོགས་ཁ་གསལ་ཡོད་ན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་རོགས་པ་བྱེད་རྒྱུ་སྟབས་བདེ་བ་དང་ལས་སླ་བར་ཡོང་གི་ཡོད་པས། རིང་མིན་ཉི་མ་གསུམ་རིང་གསོ་རིག་སྨན་པ་རྣམས་ལྷན་འཛོམས་གནང་བའི་ནང་གོ་བསྡུར་ལྷུག་པོ་གནང་སྟེ། བསམ་ཚུལ་ཕྱོགས་བསྡོམས་ཀྱིས་སྤྱི་ཚོགས་ལ་ཕན་པའི་ལས་གཞི་ཞིག་བཟོ་ཐུབ་ན། ང་ཚོས་མཐུན་འགྱུར་སྦྱར་བདེ་བོ་འདུག་ཅེས་ངོ་སྤྲོད་གནང་སོང་།
བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ལ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ནས་ཀྱང་བཀའ་ཡིག་རིམ་པར་སྩལ་བའི་ནང་དང་། ལྷག་པར་སྤྱི་ལོ་༢༠༡༤ཟླ་༣པའི་ཚེས་༡༦ཉིན་སྩལ་བའི་བཀའ་ཡིག་ཏུ། “རང་རེའི་སྨན་སྤྱད་གསོ་རིག་ཕྱུག་པོ་ཡོད་པའི་ཐོག་ད་དུང་ད་ཡོད་ནད་བརྟག་སྨན་བཅོས་ཀྱི་ཐབས་ལམ་ལ་ཡིད་ཚིམས་ནས་མི་སྡོད་པར། བརྟག་དཔྱད་ཉམས་ཞིབ་ཀྱིས་གསོ་རིག་གཞན་ཁག་གི་ཉམས་མྱོང་ཕྱོགས་བསྡུས་ཀྱིས་ནད་གཞི་དམིགས་བསལ་ཅན་རིགས་ལ་སྨན་སྦྱོར་གསར་པར་བརྟེན་ནས་རང་རེའི་གསོ་རིག་ཡར་རྒྱས་གདེང་འཁེལ་བ་ཡོང་བ་བྱེད་གལ་ཆེ།”ཞེས་འཁོད་པ་བཞིན། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་ཀྱང་བོད་ཀྱི་གསོ་བ་རིག་པ་སྤྱིའི་གནས་སྟངས་ཅི་ཆགས་དང་། བྱེ་བྲག་གསོ་བ་རིག་པའི་ལྟེ་གནས་སོ་སོའི་ནང་དུས་དང་བསྟུན་པ། སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་འགྱུར་བ་ག་རེ་བཏང་དགོས་མིན་ཐད། གསོ་བ་རིག་པའི་ལྷན་ཚོགས་ལ་འགན་གང་འཚམས་ཡོད་སྐོར་གསལ་སྟོན་གནང་སོང་།
བོད་ཀྱི་གསོ་བ་རིག་པ་ནི་སྤྱི་ལོ་༢༠༡༠ལོ་ནས་རྒྱ་གར་གཞུང་གིས་ཁྲིམས་མཐུན་གྱི་ངོས་ལེན་དེབ་སྐྱེལ་གནང་ཡོད་པར་བརྟེན། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དྲུང་ཆེ་ཚེ་རིང་ཐག་གཅོད་ལགས་ནས། རྒྱ་གར་གཞུང་གིས་ངོས་བཞེས་གནང་བ་དེས་རྒྱལ་སྤྱིའི་ནང་ང་ཚོ་ལ་ངོས་འཛིན་ཚད་མཐོ་རུ་འགྲོ་བ་དང་ལག་ཁྱེར་ལ་ངོས་འཛིན་ཚད་ལྡན་ཡོང་བ་སོགས་དགེ་མཚན་དུ་མ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནི། ཁྲིམས་སྒྲིག་སྟངས་འཛིན་གྱི་སྒྲིག་འཛུགས་ཤིག་ཡིན་པ་དང་། ལས་འགན་གཙོ་བོ་ཁྲིམས་ཡིག་དོན་ཚན་༩དང་༡༠པའི་ནང་གསལ་བོད་ཀྱི་གསོ་རིག་སློབ་གཉེར་ཁང་དང་། སློབ་ཐོན་སྨན་པ། སྨན་སྦྱོར་སྡེ་ཚན་སོགས་དེབ་སྐྱེལ་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་། སློབ་གཉེར་ཁང་རྣམས་ངོས་ལེན་ཞུ་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་བྱས་ཏེ། ཆ་རྐྱེན་ཚང་བ་ཚོར་ངོས་ལེན་ཕྱག་ཁྱེར་འབུལ་གྱི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།