ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ནང་རྟོག་ཞིབ་གནང་དགོས་པའི་རེ་བ་བཏོན་པར། བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུས་པ།
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་གྲོས་ཚོགས་འཐུས་མིJeff Merkleyདང་གྲོས་ཚོགས་འཐུས་མི་Jim McGovernསོགས་ཀྱིས། སྤྱི་ཟླ་༡༡པའི་ཚེས་༣༠ཉིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན། སྐུ་ཞབས་Volker Turkལགས་ཀྱི་མཚན་ཐོག་ཏུ་རེ་སྐུལ་ཕྱག་རིས་ཤིག་གནང་སྟེ། བོད་ནང་ཕྲུ་གུ་ལོ་ཆུང་ལོ་དྲུག་ནས་བཅོ་བརྒྱད་བར་གྱི་བོད་ཕྲུག་བརྒྱ་ཆ་༨༠རྒྱ་ནག་གཞུང་ནས་བཙན་དབང་གིས་ཕ་མ་དང་ཁ་བྲལ་བཏང་སྟེ། མི་སེར་སྤེལ་བའི་རིང་ལུགས་ཀྱི་སློབ་གསོ་ཤུགས་ཆེ་སྤེལ་ནས་བོད་ཀྱི་སྐད་ཡིག་རིག་གཞུང་ནག་བསུབ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྟོག་ཞིབ་ནན་ཏན་གནང་དགོས་པ་འཁོད་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས། ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་བོད་ནང་གི་གནས་སྟངས་ཛ་དྲག་དེའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ལ་འབོད་སྐུལ་ཞུས་པར་ཐུགས་རྗེ་ཆེ་དང་དགའ་བསུ་ཞུ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭ་དང་འབྲེལ། བོད་རང་གི་ཕ་མེས་ཀྱི་རིག་གཞུང་དང་སྐད་ཡིག་ཆོས་རིག་རྩ་གཏོར་གྱི་སྲིད་བྱུས་དེར། བོད་མིའི་སྒྲིག་འཛུགས་ཀྱིས་ངོ་རྒོལ་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ནས་ཀྱང་། རྒྱ་ནག་གཞུང་གིས་བོད་ནང་ཕྲ་གུ་ལོ་ཆུང་ཚོ་ཕ་མ་དང་ཁ་བྲལ་གྱིས། རྒྱ་ནག་གཞུང་བཙུགས་ཀྱི་གཏན་སློབ་ཁག་ནང་གཏོང་བཞིན་པ་དེ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། ང་ཚོས་ན་ནིང་ལོར་གནད་དོན་དེའི་སྐོར་སྙན་ཐོ ་ཞིག་བཏོན་ཡོད་ཅིང་། བོད་ནང་སློབ་གྲྭ་ཁག་ཙམ་མ་ཟད་རྒྱ་ནག་གཞུང་གིས་བོད་ཀྱི་བྱིས་སྙོར་ཁང་ཁག་ཏུའང་། རྒྱ་སྐད་རྒྱ་ཡིག་ཁོ་ནའི་ཁོར་ཡུག་ཅིག་བཟོ་བཞིན་པ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞིབ་འཇུག་དང་སྙན་ཐོ་བཏོན་ཐུབ་པ་ཡིན་ན། འཛམ་གླིང་ཡོངས་ཁྱབ་ལ་ངོས་འཛིན་ཐུབ་པའི་ཕན་ཐོགས་དང་། མི་རབས་གསར་པ་ཚོར་བོད་ཀྱི་སྐད་ཡིག་རིག་གཞུང་གི་ཐོབ་ཐང་འཕྲོག་བཞིན་པ་བཀག་འགོག་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་ལ་ཕན་ཁྱད་ཡོང་གི་ཡོད་པས། ཨ་མི་རི་ཀའི་རེ་སྐུལ་དེ་གནད་འགག་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་ཕུལ་བའི་རེ་སྐུལ་དེའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་རིགས་ས་ཁུལ་ཁག་གི་བཅའ་སྡོད་སློབ་གྲྭ་ཁག་ལ་དམིགས་བསལ་རྟོག་ཞིབ་དོ་ཁུར་གྱིས། འཆར་ལོའི་སྤྱི་ཟླ་གསུམ་པའི་ནང་གནས་ཚུལ་ཁ་གསལ་འདོན་ཐུབ་པའི་རེ་བ་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་ཞིབ་པ་ཚོས་བོད་ནང་ཤེས་ཡོན་གྱི་ཐོབ་ཐང་དང་ཆོས་དད་རང་དབང་། རིག་གཞུང་གི་ཐོབ་ཐང་སོགས་ཀྱི་ཐད་རྟོག་ཞིབ་བྱེད་པར། བོད་ནང་ཆེད་བསྐྱོད་གནང་སྟེ་ལྟ་ཞིབ་གནང་དགོས་པའི་རེ་བའང་བཏོན་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།