ལྷ་སའི་སྣེའུ་ཁུལ་གསར་པ་ཟེར་བར་མྱུལ་ལྟའི་པར་ཆས་ཁ་སྣོན་བྱས་འདུག

2021.03.15
ལྷ་སའི་སྣེའུ་ཁུལ་གསར་པ་ཟེར་བར་མྱུལ་ལྟའི་པར་ཆས་ཁ་སྣོན་བྱས་འདུག བོད་ནང་མ་ཎི་འཁོར་ལོའི་གཤམ་དུ་པར་ཆས་བཙུགས་ཡོད་པ། ༼ཟླ་ཚེས་མི་གསལ
དྲ་བཤུས། /freetibet.org

ལྷ་སའི་སྣེའུ་ཁུལ་གསར་པ་ཟེར་བར་འགྲིམ་འགྲུལ་སྒྲིག་འགལ་གྱི་པར་ཆས་ཟེར་བའི་མིང་ཐོག་ནས་ཁྱོན་པར་ཆས་༧༢ཁ་སྣོན་བྱས་ཏེ་བོད་མིའི་ཁྲོད་སོ་ལྟ་སྟངས་འཛིན་བྱེད་པའི་ནུས་ཤུགས་ཆེ་རུ་བཏང་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་ས་གནས་གང་སར་སོ་ལྟའི་པར་ཆས་བརྒྱ་ཕྲག་མང་པོ་བཙུགས་ཏེ་བོད་མིའི་ཉིན་རེའི་འགྲོ་སྡུག་སྤྱོད་གསུམ་ཐོག་རྒྱ་ནག་གི་ཉེན་རྟོག་ཚན་པས་སྟངས་འཛིན་ནན་པོ་བྱེད་བཞིན་པའི་ཁར། ཉེ་ལམ་ལྷ་སའི་སྣེའུ་ཁུལ་གསར་པ་ཟེར་བར་ཁྱོན་པར་ཆས་༧༢ཁ་སྣོན་བྱས་འདུག་ཅིང་། གཞུང་ཕྱོགས་ཀྱི་བརྒྱུད་ལམ་ནས་འདི་ནི་འགྲོ་ལམ་འགྲིམ་འགྲུལ་ལམ་སྲོལ་ཚད་ལྡན་ཡོང་བ་དང་། འགྲོ་ལམ་འགྲིམ་འགྲུལ་སྒྲིག་འགལ་བྱ་སྤྱོད་ཉུང་དུ་གཏོང་བ། འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་བཅས་བྱ་ཆེད་ཡིན་ལུགས་བརྗོད་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་པར་ཆས་ལ་སོགས་པ་དེང་དུས་སོ་ལྟའི་འཕྲུལ་རིག་གི་རྣམ་གྲངས་མི་འདྲ་བ་ཆེས་མང་པོ་ཞིག་བོད་དང་། ཤར་ཏུར་ཀིསི་ཐན་སོགས་ཀྱི་ནང་བོད་མི་དང་ཡུ་གུར་མི་རིགས་ཐོག་སོ་ལྟ་དང་དྲག་གནོན་བྱེད་ཆེད་བེད་སྤྱོད་བཞིན་ཡོད་པ་ཡོངས་གྲགས་ཡིན་པ་རེད།
ལྷ་སའི་སྣེའུ་ཁུལ་གསར་པའི་ནང་གློག་རྡུལ་ལྟ་སྐུལ་པར་ཆས་༧༢ཁ་སྣོན་བྱས་པ་དེ་དག་ནི། སྔོན་འགྲོའི་རྟོག་ཞིབ་ལས་དོན་རྣམ་གྲངས་ཤིག་ཡིན་ལུགས་ས་གནས་རྒྱ་ནག་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྟངས་ལ་གཞིགས་ཚེ། ད་དུང་སོ་ལྟའི་པར་ཆས་ལ་སོགས་པ་སྟངས་འཛིན་འཕྲུལ་རིག་ལྡན་པའི་ཡོ་བྱད་མང་དུ་གཏོང་སྲིད་པའི་སྔོན་བརྡ་ཞིག་ཡིན་པར་ལྷ་སའི་གྲོང་མིས་ཚོད་དཔག་བྱེད་བཞིན་འདུག་ལ། རྒྱ་ནག་གཞུང་གིས་སོ་ལྟའི་པར་ཆས་དེ་དག་སྤྱི་ཚོགས་བརྟན་ལྷིང་དང་འགྲིམ་འགྲུལ་དོ་དམ་སོགས་ཀྱི་ཆེད་ཡིན་ལུགས་བརྗོད་བཞིན་ཡོད་ན་ཡང་། དོན་དུ་ལྷ་སའི་གྲོང་མིས་འདི་ནི་འགྲིམ་འགྲུལ་གྱི་སྒྲིག་འགལ་ཟེར་བའི་མཛེས་རྒྱན་སྤྲས་པའི་བཤད་སྟངས་ཐོག་ནས་བོད་མིའི་ཐོག་དྲག་གནོན་དང་སྟངས་འཛིན་ལུགས་མཐུན་ཅན་དུ་བསྒྱུར་ཐབས་བྱེད་པའི་བྱ་སྤྱོད་ཀྱི་རྣམ་པ་ཞིག་ཡིན་པ་དང་། དེང་དུས་ཀྱི་འཕྲུལ་ཆས་བེད་སྤྱད་ནས་བོད་མིའི་རང་དབང་འཕྲོག་པའི་རྣམ་པ་གསར་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག
རྒྱ་བསྐྱེད་ཧ་ཅང་གི་མྱུར་པོ་འགྲོ་བཞིན་པའི་ལྷ་ས་གྲོང་ཁྱེར་ནི། རྒྱ་ནག་གི་མངའ་དབང་འོག་ཡོད་པའི་གྲོང་ཁྱེར་གཞན་དང་བསྡུར་ན་སོ་ལྟའི་པར་ཆས་དང་ཉེན་རྟོག་ས་ཚུགས་མང་ཤོས་ཡོད་པའི་གྲོང་ཁྱེར་ཞིག་ཆགས་ཡོད་པ་བོད་ནང་གི་བོད་མིས་བརྗོད་བཞིན་ཡོད་འདུག བོད་ཀྱི་རྒྱལ་ས་ལྷ་སར་མཚོན་ན། དགོན་པ་ཁག་དང་མང་ཚོགས་འདུ་འཛོམས་བྱ་ཡུལ། ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡུལ། གཞུང་ལམ་དང་སྲང་ལམ། ཐ་ན་ལམ་ཆུང་སོགས་གང་སར་པར་ཆས་ཀྱིས་ཁེངས་ནས་ཡོད་འདུག
རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ནས་བརྗོད་པར་གཞིགས་ན། གསར་དུ་ཁ་སྣོན་བྱས་པའི་པར་ཆས་༧༢འདི་རྣམས་སྤྱི་ཟླ་༣ཚེས་༡༥ནས་ཚེས་༣༡བར་ཚོད་ལྟ་བྱ་རྒྱུ་ཡིན་པ་དང་། སྤྱི་ཟླ་༤ཚེས་༡ནས་བཟུང་དངོས་སུ་བེད་སྤྱོད་འགོ་འཛུགས་བྱེད་ཀྱི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎