རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་གཞིས་བཞུགས་བོད་མིའི་བར་འབྲེལ་ལམ་གཅོད་རྒྱུའི་སྲིད་བྱུས་སྣ་ཚོགས་གཏིང་བཞིན་འདུག
ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་གཞིས་བཞུགས་བོད་མིའི་བར་འབྲེལ་ལམ་གཅོད་རྒྱུའི་སྲིད་བྱུས་སྣ་ཚོགས་གཏིང་བཞིན་ཡོད་པ་འབྲེལ་ཡོད་བོད་གནས་ཉམས་ཞིབ་པས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་གྱིས་སྲིད་དབང་བཟུང་བ་ནས་བཟུང་། བོད་ཕྱི་ནང་གཉིས་ཀྱི་བོད་མིའི་བར་འབྲེལ་བ་བྱེད་ཕྱོགས་ཐད་སྔར་ལས་དམ་དྲག་ཇེ་ཆེར་སོང་ཡོད་པ་མ་ཟད། ཐ་ན་ཕ་མ་སྤུན་ཉེ་བར་འབྲེལ་བ་བྱེད་རྒྱུའི་ཐད་བཀག་སྡོམ་ནན་པོ་བྱེད་བཞིན་འདུག་ལ། མདོ་དོན་ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་ད་ལྟའི་རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་གཞིས་བཞུགས་བོད་མི་བར་གྱི་འབྲེལ་བ་རྦད་དེ་མེད་པ་བཟོ་ཐབས་ཀྱི་སྲིད་བྱུས་སྣ་ཚོགས་གཏིང་མུས་ཡིན་པ་སི་པན་རྒྱལ་ཁབ་ཏུ་གནས་བཞུགས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་ཚོགས་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ཉེ་ལམ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར། རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པ་ནས་ཡིན་པ་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་དང་། རྔ་བ་ཀིརྟི་དགོན་གྱི་ལྷ་སྡེ་འགབ་མ་ནས་ཡིན་པ་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་རྣམ་གཉིས་ཀྱིས་ཕྱི་ཕྱོགས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། ཀིརྟི་རིན་པོ་ཆེ་གཉིས་ལ་སྐྱབས་ཞུ་བསྔོ་རྟེན་ཆེད་དངུལ་བསྐུར་བའི་ཉེས་མིང་འོག་འདི་ལོའི་སྤྱི་ཟླ་༧ནང་རྒྱ་ནག་གཞུང་གིས་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་སུ་དུས་ཡུན་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་སུ་ལོ་གཉིས་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
དེའི་ཐད་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། རྒྱ་ནག་གཞུང་གིས་རྩ་ཁྲིམས་ནང་དུ་ཆོས་དད་རང་དབང་ཡོད་པ་འཁོད་ཡོད་ཀྱང་། དོན་དངོས་ཐོག་རང་ཉིད་ཀྱི་ལྟ་སྤྱོད་དང་མི་མཐུན་པའི་བྱ་བ་སྤེལ་མཁན་བོད་མི་སུ་འདྲ་ཞིག་ཡིན་རུང་། གནད་དོན་འདྲ་མིན་ལ་ཁ་གཡར་ཏེ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱེད་མུས་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཡང་གནད་དོན་དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་རྒྱ་མི་རིགས་ཙམ་མིན་པར་འཛམ་གླིང་སྤྱིའི་བདེ་རྩར་ཕན་པའི་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་པ་དེ་ནི་ལྐུགས་པ་ཨུ་ཚུགས་བྱེད་པ་ལྟ་བུ་ཡིན་ཞིང་། གལ་ཏེ། རྒྱ་ནག་རང་ཉིད་རྒྱལ་སྤྱིའི་སྟེང་མིག་དཔེ་འོས་པའི་རྒྱལ་ཁབ་ཅིག་ཆགས་འདོད་ཡོད་ན། བོད་མིའི་མངོན་འདོད་བསྒྲུབ་དགོས་པ་ནི་འགག་རྩར་ཐུག་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
དེ་དང་ཕྱོགས་མཚུངས་མདོ་ཁམས་འབྲི་རུ་གནས་ཡིན་པའི་བོད་མི་ཚོང་པ་བསྟན་འཛིན་ཐར་པ་ལགས་ཀྱིས་རྒྱ་གར་ལ་དངུལ་བསྐུར་བའི་ཉེས་འཛུགས་འོག་སྤྱི་ལོ་༢༠༢༠ལོའི་ཕྱི་ཟླ་༦ནང་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་ཏེ། ལོ་གཉིས་དང་ཟླ་བ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་དུང་ཡང་མུ་མཐུད་ནས་བཙོན་འཇུག་ཁྲིམས་ཐག་འཁུར་མུས་ཡིན་པ་རེད།
ཡང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་གཞིས་བྱེད་བོད་མི་གཉིས་ཀྱི་འབྲེལ་ལམ་ལ་དམ་དྲག་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ཞིག་ནི། རྒྱལ་སྤྱིའི་སྟེང་བོད་ཀྱི་དངོས་ཡོད་གནས་སྟངས་ཁྱབ་བསྒྲགས་མི་ཡོང་བའི་ཆེད་དུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་རྒྱ་ནག་གཞུང་གིས་བོད་ཀྱི་ཚོང་པ་ཕྱུག་བདག་རྡོ་རྗེ་བཀྲ་ཤིས་ལགས་སུ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། དེའི་རྒྱུ་མཚན་ནི་ཕྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཚོང་པ་ཁོང་གིས་བོད་མི་ཞི་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ལུགས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་དངུལ་གྱི་ཞལ་འདེབས་སྤྲད་ལུགས་ཀྱི་དོག་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།