རྒྱ་ནག་གི་ཚོགས་ཆེན་རྗེས་སུ་སྲིད་བློན་གྱིས་གསར་འགོད་ལྷན་ཚོགས་བསྐོང་སྲོལ་ཡོད་པ་ད་ལོ་ནས་མེད་པར་བཟོས་འདུག

ཕྱི་ཚེས་༥་ཉིན་ནས་བཟུང་རྒྱ་ནག་གི་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་ཐེངས་གཉིས་བ་དེ་དངོས་སུ་འགོ་འཛུགས་ཀྱི་ཡོད་པ་དང་། ཚོགས་ཆེན་འགོ་མ་བཙུགས་སྔོན་གྱི་ཚེས་༤ཉིན། རྒྱ་ནག་དམངས་ཆེན་གྱི་མགྲིན་ཚབ་པས་གསལ་བསྒྲགས་སྤེལ་ནས། ད་ལོ་ནས་རྒྱ་ནག་གི་ཚོགས་ཆེན་གཉིས་མཇུག་སྒྲིལ་བའི་རྗེས་སུ་ཕྱི་ནང་གསར་འགོད་པར་རྒྱ་ནག་གི་སྲིད་བློན་གྱིས་དྲི་བ་དྲིས་ལན་གྱི་གསར་འགོད་ལྷན་ཚོགས་ཤིག་ཡོད་པ་དེ་མེད་པར་བཟོས་བ་བརྗོད་འདུག
དེ་ནི་ད་ལོ་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་དེ་ཕྱི་ཟླ་༣པའི་༡༡ཉིན་མཇུག་སྒྲིལ་བའི་རྗེས་སུ། སྲིད་བློན་གྱིས་ཕྱི་ནང་གསར་འགོད་པའི་དྲི་བར་ལན་འདེབས་ཀྱི་གསར་འགོད་ལྷན་ཚོགས་དེ་མེད་པར་བཟོས་བ་མ་ཟད། མ་འོངས་ལོ་ཤས་ནང་གསར་འགོད་ལྷན་ཚོགས་དེ་རིགས་སྤེལ་རྒྱུ་མིན་པ་བརྗོད་ཡོད་ལ། གནས་ཚུལ་དེ་ཕྱི་བསྒྲགས་བྱས་པའི་རྗེས་སུ་མི་མང་པོ་ཞིག་གིས་དེ་ནི་རྒྱ་ནག་སྲིད་གཞུང་གི་ལས་དོན་ཕྱི་གསལ་ནང་གསལ་ཐད་སྔར་ལས་ལྷག་པར་ཤེས་རྟོགས་བྱེད་རྒྱུ་ཉུང་དུ་ཕྱིན་པ་བརྗོད་ཀྱིན་འདུག
སྤྱིར་བཏང་རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་རྗེས་སུ་སྲིད་བློན་ནས་གཙོ་སྐྱོང་བྱེད་པའི་གསར་འགོད་ལྷན་ཚོགས་དེ་ནི་ཕྱི་རྒྱལ་གསར་འགོད་པ་ཚོ་དང་རྒྱ་ནག་གི་འགོ་ཁྲིད་བར་ཐད་ཀར་བསམ་ཚུལ་བརྗེ་རེས་ཀྱི་གླེང་སྟེགས་གལ་ཆེན་ཞིག་ཆགས་ཡོད་ཕྱིར། མི་མང་གིས་རྒྱ་ནག་གི་འགོ་ཁྲིད་ཀྱི་གཤིས་ཀ་དང་བསམ་བློའི་འཁྱེར་སོ་རྒྱུས་ལོན་གྱི་སྟེགས་བུ་གལ་ཆེན་ཞིག་དང་། རྒྱ་ནག་ཆབ་སྲིད་སྒྲིག་གཞི་ཧ་ཅང་དམ་དྲག་ཡོད་པ་དེར་ཕྱི་གསལ་ནང་གསལ་གྱི་གོ་སྐབས་གལ་འགངས་ཆེན་པོར་བརྩི་གི་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་ཚོས་དེ་མེད་པར་བཟོས་བ་ནི་རྒྱ་ནག་གི་སྲིད་བློན་གྱི་དབང་ཆ་དང་སྲིད་གཞུང་གི་ནུས་པ་ཇེ་ཆུང་དུ་ཕྱིན་པར་ངོས་འཛིན་བྱེད་བཞིན་འདུག
ཚོགས་ཆེན་རྗེས་ཀྱི་སྲིད་བློན་གྱི་དྲི་བ་དྲིས་ལན་གྱི་གསར་འགོད་ལྷན་ཚོགས་དེ་ནི་ཕྱི་ལོ་༡༩༩༡ལོ་ནས་འགོ་བཙུགས་པ་དང་། དེ་སྔ་རྒྱ་ནག་གི་སྲིད་བློན་ཟུར་བ་ཀྲུའུ་རུང་ཅི་དང་། ཝིན་ཅ་པོ། ལི་ཁི་ཆང་བཅས་ནས་གསར་འགོད་ལྷན་ཚོགས་ཐོག་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གཏམ་བརྗོད་སྤེལ་ཡོད་པ་རེད། དཔེར་ན། ཕྱི་ལོ་༢༠༢༠ལོའི་ཕྱི་ཟླ་ལྔ་བར་སྐབས་དེའི་རྒྱ་ནག་གི་སྲིད་བློན་ལི་ཁི་ཆང་ནས་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ནང་ད་དུང་མི་གྲངས་དུང་ཕྱུར་དྲུག་གི་ཟླ་རེའི་ཡོང་སྒོ་རྒྱ་སྒོར་ཆིག་སྟོང་ཡས་མས་ལས་མེད་པ་བཤད་ཡོད་པ་རེད།
གསར་འགོད་པ། ལྕགས་མོ་འཚོ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།