དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བ་དེ་ཆེས་མུན་ནག་གི་ཉིན་མོར་ངོས་འཛིན།

2021.07.01
དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བ་དེ་ཆེས་མུན་ནག་གི་ཉིན་མོར་ངོས་འཛིན།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བློ་བཟང་།

ཕྱི་ལོ་༢༠༢༡ ཟླ་༧ ཚེས་༡ ཉིན་ནི་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་ཉིན་མོ་ཞིག་ཆགས་ཀྱི་ཡོད་པར་བརྟེན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་ངོ་རྒོལ་སྐད་འབོད་གནང་སོང་བ་དང་། ལས་འགུལ་སྤེལ་དགོས་དོན་ཐད་བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་མཁན་གྱི་ཚོགས་པ་ཞིག་བཙུགས་ནས་ལོ་བརྒྱ་འཁོར་བ་དེ་བོད་པ་ཚོ་ལ་མཚོན་ན་ཆེས་མུན་ནག་གི་ཉིན་མོ་ཞིག་ལ་ངོས་འཛིན་གྱིས་ལས་འགུལ་སྤེལ་བ་ཡིན་ཞེས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་གསུང་གི་འདུག།

ལས་འགུལ་ནང་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་ཚོགས་མི་དང་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་བཅས་ཁྱོན་མི་གྲངས་བཅོ་ལྔ་མཉམ་ཞུགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་སུ་རྒྱ་གར་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་རྗེས་ཆུ་ཚོད་གསུམ་པ་མ་ཟིན་ཙམ་ལ་གློད་བཀྲོལ་བཏང་ཡོད་འདུག།

རྩ་བའི་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་ཉིན་མོ་སླེབས་ལ་ཉེ་བའི་སྐབས་སུ་ལྡི་ལི་ཉེན་རྟོག་པ་དང་བདེ་སྲུང་ལས་ཁུངས་བཅས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་བོད་པའི་ལས་འགུལ་བ་རྣམས་ནས་ངོ་རྒོལ་ལས་འགུལ་སྤེལ་བར་དྭོགས་ནས་ལྟ་སྲུང་དང་དོ་དམ་ནན་པོ་བྱས་ཡོད་མོད་ཉིན་དེར་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་འདོད་པ་ཁེངས་ངེས་ཤིག་སྤེལ་ཐུབ་པར་བརྟེན་ལས་འགུལ་དེ་གཟི་བརྗིད་དང་སྤོབས་པ་སྐྱེས་གཞི་ཞིག་ཆགས་ཡོད་སྐོར་གསུང་གནང་གི་འདུག །

ཕྱི་ཟླ་༧ཚེས་༡ཉིན་མོ་འདི་དང་བསྟུན་ཏེ་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་པ་མང་པོ་ཞིག་གིས་རྣམ་པ་འདྲ་མིན་གྱིས་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར་  རང་བཙན་རྡོ་རྗེ་ཟེར་བ་ཞིག་གིས་བོད་གཙོ་བོར་གྱུར་པའི་ཤིན་ཅང་། ཧོང་ཀོང་སོགས་ལ་རྒྱ་ནག་གཞུང་གིས་སྡུག་སྦྱོང་མནར་གཅོད་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་དེ་ལ་ངོ་རྒོལ་གྱི་ཆེད་དུ་སྦྱར་ཡིག་འདྲ་མིན་སྦྱར་བ་མ་ཟད། ལྡི་ལི་ཇན་ཏར་མན་ཏར་རུ་ངོ་རྒོལ་བྱས་ཡོད་པ་རེད།

སྤྱིར་བཏང་སྤྱི་ལོ་༡༩༢༡ ལོར་རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་ཀྱིས་སྤྱི་ལོ་༡༩༤༩ ལོར་ཚོགས་པ་འདིས་རྒྱ་ནག་ཁྱོན་ཡོངས་སུ་དབང་བསྒྱུར་བྱས་ཡོད་པ་དང་། དེ་ནས་སྤྱི་ལོ་༡༩༥༠ ལོ་ནས་བཟུང་བོད་ལ་དབང་བསྒྱུར་བྱེད་ཆེད་བོད་དུ་དྲག་པོའི་དཔུང་དམག་བཏང་བའི་འགོ་བཙུགས་ཏེ། སྤྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་དམར་པོའི་གཞུང་གིས་བཙན་བཟུང་བྱས་ཡོད་པ་དང་། རྒྱ་དམར་བོད་དུ་སླེབས་པ་ནས་བཟུང་བོད་ཀྱི་དགོན་སྡེ་ཁག་མང་པོ་ཞིག་གཏོར་བཤིགས་དང་། སྐྱ་སེར་མང་པོ་ཞིག་ལ་ཉེས་རྡུང་དང་ཐ་ན་ཚེ་སྲོག་འཕྲོག་པ་སོགས་མི་སྤྱོད་ལས་འདས་པའི་དཀའ་སྡུག་འོག་འཚོ་བ་སྐྱེལ་དགོས་འཁེལ་ཡོད་པ་མ་ཟད། ད་བར་བོད་མི་རྣམས་གཞིས་བྱེས་གཉིས་སུ་གྱར་ནས་སྡོད་དགོས་འཁེལ་ཡོད་པ་རེད། དེའི་རིང་བོད་གཞིས་བྱེས་གཉིས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་གིས་མཚོན་པའི་ངོ་རྒོལ་ལས་འགུལ་རབ་དང་རིམ་པ་སྤེལ་དང་སྤེལ་མུས་ཡིན་པ་རེད། །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎