ཁ་མཆུ་ཨང་༢༠ པའི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་གནང་སོང་།
2019.06.17
ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་༢༠༡༩ ཟླ་༦ཚེས་༡༥ཉིན་ཁ་མཆུ་ཨང་༢༠པ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བརྒྱུད། བཀའ་ཤག་ལ་མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་བཙུགས་པའི་ཁ་མཆུ་དེའི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་ཁང་དུ་གནང་ཞིང་། ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་ནས་རགས་ཟིན་གནད་དོན་སྙན་སྒྲོན་སྐབས། ཞུ་སྦྱོར་བ་ཨ་རིའི་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱི་ཞུ་རྩའི་ནང་སྐུ་ཚབ་དོན་གཅོད་ནས་རྒྱུན་ལྡན་ལས་འགན་ཞུ་སྒོའི་ཁོངས་སྐབས་དུས་སོ་སོར་གནས་ཚུལ་བཀའ་ཤག་ལ་སྙན་སེང་དགོས་པའི་ལམ་སྟོན་ཁ་གསལ་མེད་པར་སྐྱོན་འཛུགས་ངོས་ལེན་མེད་ཅེས་པར་དགག་ལན་བརྒྱབས་ཡོད་སྟབས། རྩོད་ལན་པ་སྲིད་སྐྱོང་བློ་བཟང་སེངྒེ་ལགས་བརྒྱུད་བཀའ་ཤག་གིས་་ལམ་སྟོན་ཁ་གསལ་གནང་ཡོད་པ་དང་ལས་འགན་མ་བསྒྲུབས་པ་ཁུངས་སྐྱེལ་བྱ་རྒྱུ་སོགས་དངོས་དོན་བརྒྱད་དང་།
ཡང་ཞུ་རྩའི་ནང་འཁོད་པའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་ཐད་་རྩོད་ལན་པའི་ངོས་ལེན་བྱས་མེད་སྟབས། སྔོན་རྩིས་སྟངས་འཛིན་གྱི་སྒྲིག་གཞི་དང་འགལ་བ་ཞུ་སྦྱོར་པས་ཁུངས་སྐྱེལ་དགོས་པ་བཅས་ཁྲིམས་དོན་གཉིས་ཀྱི་ཐད་ཕྱི་ཟླ་ ༦ ་ཚེས་༡༩ཉིན་རྒྱབ་ཆུ་ཚོད་བཞི་པའི་ཐོག་ལན་ཕུལ་ཟིན་དགོས་པ་ཁྲིམས་ཞིབ་པ་ཆེ་བས་བཀའ་རྒྱ་བཏང་གནང་ཡོད་པ་རེད།
ཡང་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་རྩོད་ལན་པས་ཐོག་མའི་ཉན་ཞིབ་སྐབས་དུས་ཚོད་ཟླ་བ་གསུམ་ཕར་འགྱངས་ཞུས་པ་དེ་དག་སྙན་ཞུའི་གོ་རིམ་མ་མཚུངས་པ་དང་། ཁྲིམས་ཞིབ་པའི་དབང་ཆ་དང་ཁྲིམས་ཡིག་གི་དགོངས་དོན་ལ་སྣང་ཆུང་ཁྱད་གསོད། ཁྲིམས་ཡིག་གི་བྱ་རིམ་ལ་ཚུལ་མིན་དུ་སྤྱོད་རྒྱུར་ཡ་མི་ང་བའི་རྣམ་འགྱུར་ཞིག་ཏུ་མངོན་པ་སོགས་རྒྱུ་མཚན་དུ་མར་དགོངས་ནས་དུས་འགྱངས་ངོས་བཞེས་གནང་མེད་པ་གསལ་བཤད་གནང་ཡོད་པ་རེད།
ཕྱི་ཟླ་༦ཚེས་༡༩ཉིན་ཕྱོགས་གཉིས་ནས་ལན་འདེབས་ཕུལ་བའི་རྗེས་ཞིབ་དཔྱོད་དང་དཔྱད་ཁྲ་བཅས་ཀྱི་ཁྲིམས་ཞིབ་ཀྱི་བྱ་རིམ་མུ་མཐུད་གནང་རྒྱུ་ཡིན་པ་རེད།
དེ་རིང་ཁྲིམས་ཁང་དུ་ཞུ་སྦྱོར་པ་སྤེན་པ་ཚེ་རིང་ལགས་དང་ཁོང་གི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས། རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་དང་ངོ་ཚབ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་ལགས། བཀའ་དྲུང་ལས་ཟུར་བཅས་ངོ་བཅར་གནང་འདུག