རྒྱ་ནག་ཏུ་ཀོང་ཏུང་སྐད་གདངས་བེད་སྤྱོད་ཚོད་འཛིན་བྱེད་སྐོར།
2010.07.26
༄༅༎ད་རེས་གཟའ་མཇུག་རྒྱ་ནག་ལྷོ་ཕྱོགས་གྲོང་ཁྱེར་ཀོང་ཀྲུའུ་ནང་མི་དམངས་བརྒྱ་ཕྲག་འགའ་ཤས་ཀྱིས་རྒྱ་ནག་གཞུང་ཕྱོགས་ནས་ཀོང་ཏུང་སྐད་གདངས་བེད་སྤྱོད་གཏོང་ཚད་ཉུང་དུ་གཏོང་རྒྱུའི་འཆར་གཞི་དེ་དག་མཚམས་འཇོག་བྱ་དགོས་རྒྱུའི་ངོ་རྒོལ་སྐད་འབོད་བྱས་འདུག།
རྒྱ་ནག་དམར་ཤོག་ཚོགས་པའི་གསར་ཤོག་གོ་ལོ་སྦལ་ཀྲ་ཡེམ་སེ་ནང༌། རྒྱ་ནག་གཞུང་གིས་གྲོང་ཁྱེར་ཀོང་ཀྲུའུའི་བརྙན་འཕྲིན་ལས་ཁང་ཁག་གིས་ད་ནས་བཟུང་བརྙན་འཕྲིན་ལས་རིམ་ཕལ་ཆེ་བ་ཀོང་ཏུང་སྐད་གདངས་ཐོག་མ་ཡིན་པར། གཞུང་འབྲེལ་ཕུའུ་ཏུང་ཧྭ་སྐད་གདངས་ཐོག་རྒྱང་སྲིང་བྱ་དགོས་རྒྱུའི་འཆར་གཞི་བཏོན་ཡོད་པ་དེས། ཀོང་ཏུང་སྐད་གདངས་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་མཐོང་ནས་ས་གནས་མང་ཚོགས་ཚོས་གཞུང་གི་འཆར་གཞི་དེར་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་བཀོད་བཞག།
གཞུང་འབྲེལ་སྐད་ཡིག་ཀོང་ཏུང་བེད་སྤྱོད་གཙོ་བོ་བྱེད་སའི་ཧོང་ཀོང་ས་གནས་ཀྱི་གསར་ཤོག་ཁག་ཅིག་གི་ནང་། རྒྱ་ནག་གཞུང་གིས་ཕུའུ་ཏུང་ཧྭ་སྐད་གདངས་བེད་སྤྱོད་མང་བ་གཏོང་རྒྱུའི་འཆར་གཞི་དེར་མི་དམངས་ཆིག་ཁྲི་ལྷག་ཙམ་གྱིས་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཁྱབ་སྤེལ་བྱས་འདུག། རྒྱ་ནག་གཞུང་འབྲེལ་གོལོ་སྦལ་ཀྲ་ཡེམ་སེ་གསར་ཤོག་གིས་ངོ་རྒོལ་དེ་དག་ཞི་འཇམ་བྱུང་ཡོད་པ་དང༌། ཆུ་ཚོད་འགའ་ཤས་རྗེས་མང་ཚོགས་ཁ་འགྲམ་ནས་རང་སར་ཕྱིར་ལོག་བྱས་ཡོད་སྐོར་གནས་ཚུལ་བཀོད་འདུག།
རྒྱ་ནག་དབུས་གཞུང་གིས་རྒྱལ་ཁབ་གཅིག་གྱུར་ཡོང་ཐབས་སུ་རྒྱ་ནག་སྤྱི་ཡོངས་ཀྱི་ནང་ ཕུའུ་ཏུང་ཧྭ་སྐད་གདངས་བེད་སྤྱོད་གཏོང་རྒྱུའི་ཐོག་ཤུགས་སྣོན་རྒྱབ་ནས་ལོ་ངོ་བཅུ་ཕྲག་འགའ་ཤས་ཕྱིན་ཡོད་པ་རེད། འོན་ཀྱང་རྒྱ་ནག་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་དང་ཧོང་ཀོང་བཅས་ཀྱི་ནང་མང་ཚོགས་ཀྱིས་ ཀུང་ཏོང་སྐད་གདངས་བེད་སྤྱོད་ཆེ་བ་བྱེད་ཀྱི་ཡོད་སྟབས། ད་ལྟའི་སྐབས་འདིར་རྒྱ་ནག་གཞུང་གིས་ ཁུལ་དེ་ཚོའི་ནང་བརྙན་འཕྲིན་ལས་རིམ་ཁག་ཕུའུ་ཏུང་ཧྭ་ནང་རྒྱང་བསྲིང་མང་བ་བྱ་དགོས་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དེས་། མ་འོངས་པར་ཀོང་ཏོང་སྐད་གདངས་བེད་སྤྱོད་མེད་པ་བཟོ་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད་པའི་མཐོང་སྣང་མི་མང་པོ་ཞིག་ལ་ཡོང་བཞིན་ཡོད་པའི་གནས་ཚུལ་འདུག།