༢༠༡༤ལོར་བོད་ཆེད་ཁས་ལེན་དམ་བཅའ་ཞེས་པའི་ལས་འགུལ།
2014.05.28
ཡོ་རོབ་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ནང་བཞེངས་མཁན་མང་པོས་བོད་ཆེད་ཁས་ལེན་དམ་བཅའ་ཞེས་པའི་ལས་འགུལ་ལ་རྒྱབ་སྐྱོར་གནང་འདུག
དེ་ཡང་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུའི་སྔོན་ཚུད་དུ་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཕྱི་ལོ་༢༠༡༤ལོར་བོད་ཆེད་ཁས་ལེན་དམ་བཅའ་ཞེས་པའི་ལས་འགུལ་བརྒྱུད་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་རྒྱབ་སྐྱོར་མཚན་རྟགས་བསྡུ་རུབ་གནང་གི་ཡོད་པ་དང་། ཚེས་༢༨ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསར་འགོད་གསལ་བསྒྲགས་ནང་གསལ་ལྟར་ན། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུར་བཞེངས་མཁན་འོས་མི་༧༣ནས་བོད་མིར་རང་དབང་དང་ཐོབ་ཐང་གི་གནད་དོན་ཐོག་ལ་རྒྱབ་སྐྱོར་གནང་རྒྱུའི་མཚན་རྟགས་བཀོད་ཡོད་འདུག མཚན་རྟགས་བཀོད་མཁན་ཁོངས་ནས་འཐུས་མི་༤༡ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཡིན་མུས་ཐོག་འོས་བསྡུར་བསྐྱར་དུ་རྩོད་གནང་གི་ཡོད་པ་དང་། ཁྱོན་བོད་དོན་ལ་རྒྱབ་སྐྱོར་གྱི་མཚན་རྟགས་༧༣བྱུང་བ་དེ་དག་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་༡༦ནས་བྱུང་ཡོད་པ་མ་ཟད། ཆབ་སྲིད་ཚོགས་པ་སྣ་ཚོགས་ནས་ཡིན་པ་རེད། ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ལས་ཐོག་ཚོགས་གཙོ་ཡིན་པ་ཡོ་རོབ་མི་མང་ཚོགས་པའི་འཐུས་མི་སྐུ་ཞབས་Thomas Mann གིས་ད་ལྟའི་བོད་ནང་གི་བོད་མིའི་གནས་སྟངས་དེ་ནི་བཟོད་ཐབས་མེད་པའི་གནས་སྟངས་ཤིག་ཆགས་ཡོད་པ་དང་། བོད་མི་ཚོའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ལ་འགན་འཁྲི་ཡོད་པའི་སྐོར་ཟུང་འབྲེལ་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ནན་བརྗོད་གནང་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་སྲིད་ཇུས་ཀྱི་ལས་དོན་འགན་འཛིན་སྐུ་ཞབས་ Vincent Metten གིས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ནང་བོད་དོན་ཐོག་ནས་ཡོ་རོབ་གྲོས་ཚོགས་འདི་བཞིན་རྒྱབ་སྐྱོར་གྱི་རྨང་གཞི་གཙོ་བོ་ཞིག་ཆགས་ཡོད་པར་སོང་། ད་རེས་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་སྤྱི་ལོ་༢༠༡༤ལོར་བོད་ཆེད་ཁས་ལེན་དམ་བཅའ་ཅེས་པའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་པ་དེ་གནད་འགག་ཆེན་པོ་ཞིག་ཡིན་པར་གསལ་འདོན་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།