ཨོ་སི་ཀྲོ་ལི་ཡའི་ནང་གི་རྒྱ་ནག་གཞུང་ཚབ་མདུན་བོད་མིས་ངོ་རྒོལ།
2009.09.29
༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་ཨོ་སི་ཀྲོ་ལི་ཡའི་རྒྱལ་ས་ཁེན་སྦེ་ར་ནང་དུ་ཡོད་པའི་རྒྱ་མིའི་གཞུང་ཚབ་ཁང་ནས་ཨོ་སི་ཀྲོ་ལི་ཡའི་གཞུང་གི་ཆབ་སྲིད་མི་སྣ་དང་མཚན་སྙན་ཆེ་བའི་མི་སྣ་ཁག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཙུགས་ནས་མི་ལོ་དྲུག་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་གསོལ་སྟོན་ཐོག་གདན་ཞུ་བྱས་པའི་སྐབས་དེར་ཡོད་བོད་མི་ཚོས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།
ཨོ་སི་ཀྲོ་ལི་ཡའི་རྒྱ་མིའི་གཞུང་ཚབ་པ་ཀྲང་ཅུན་སའེ་རིང་མཛད་སྒོ་གོ་སྒྲིག་བྱེད་པའི་ཐོག་ཨོ་སི་ཀྲོ་ལི་ཡའི་རྒྱལ་སའི་མངའ་ཁུལ་བོད་མི་ཚོས་སྐུ་མགྲོན་རྣམས་རྒྱ་མིའི་གཞུང་ཚབ་ཁང་ནང་དུ་འཛུལ་ཡུལ་གྱི་འགྲོ་ལམ་ཐོག་ལག་ཏུ་རིང་ཚད་མི་ཊར་བཅུ་བྱས་པའི་རས་དཀར་པོའི་སྟེང་དུ་བོད་རང་བཙན་ཞེས་པའི་ཡིག་ཆེན་བྲིས་པ་དང་ད་དུང་བོད་ཀྱི་ཆབ་སྲིད་བཙོན་པ་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གྱི་དངོས་བྱུང་གློག་བརྙན་འཇིགས་བྲལ་ཞེས་པ་བཟོ་སྐྲུན་གནང་སྟེ་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཚེས་གསུམ་པའི་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་མ་ཟད་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བཙུགས་ཏེ་བཙོན་ཁང་དུ་ཡོད་པ་དོན་གྲུབ་དབང་ཆེན་ལགས་སོགས་ཀྱི་འདྲ་པར་འཁྱེར་ཡོད་པ་རེད། དེར་གར་ངོ་རྒོལ་དུ་ཕེབས་པའི་ཨོ་སི་ཀྲོ་ལི་ཡའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་མགྲིན་ཚབ་པ་ཚེ་དབང་ཐུབ་བསྟན་ལགས་ཀྱིས་གསར་འགོད་པར་ང་ཚོ་འདི་གར་གསོལ་སྟོན་ལ་འགོག་རྐྱེན་བཟོ་བ་ཡོང་བ་ཞིག་མིན་པ་དང་ང་ཚོས་རྒྱ་ནག་གཞུང་ཚབ་ཁང་གིས་གསོལ་སྟོན་དུ་གདན་ཞུ་བྱས་པའི་ཨོ་སི་ཀྲོ་ལི་ཡའི་སྲིད་དོན་པ་དང་གནད་ཡོད་མི་སྣ་དེ་དག་ལ་བོད་གི་བོད་མི་རྣམས་མུ་མཐུད་རྒྱ་ནག་གཞུང་གི་དྲག་གནོན་འོག་དཀའ་ངལ་ཧ་ཅང་ཆེན་པོར་གནས་ཡོད་པའི་གནས་ཚུལ་ངོ་སྤྲོད་དང་དྲན་སྐུལ་བྱེད་དུ་ཡོང་བ་ཡིན། རྒྱ་ནག་གཞུང་གིས་འདས་པའི་མི་ལོ་དྲུག་བཅུ་དེའི་རིང་ལ་བོད་ནང་དྲག་གནོན་གྱི་བྱ་སྤྱོད་ཤུགས་ཆེ་རུ་བཏང་སྟེ་བོད་མི་རྣམས་ཉིན་ལྟར་བཞིན་རང་མི་རིགས་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་དང་འཚོ་གནས་ཡོང་ཐབས་ལ་འཐབ་རྩོད་དང་གདོང་ལེན་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད། ཨོ་སི་ཀྲོ་ལི་ཡའི་རྒྱལ་ཁབ་དེའི་ནང་དུ་བཙན་བྱོལ་བ་བོད་མི་དྲུག་བརྒྱ་ཙམ་ཞིག་གནས་སྡོད་བྱེད་བཞིན་ཡོད་པ་དང་དེའི་ནང་ནས་མང་ཆེ་བ་ནི་བོད་ནང་དུ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་ལ་བཟོད་སྒོམ་མ་ཐུབ་པར་ཞི་བའི་རྔམ་སྟོན་ངོ་རྒོལ་ནང་ཞུགས་ཏེ་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་ཡིན་པ་རེད།