ཁེ་ན་ཌའི་གྲོས་ཚོགས་ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐོར་གསུང་བཤད་དང་། འབུམ་པ་རམས་པ་རྒྱལ་ལོ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་ནང་གི་བོད་ཕྲུག་ཁྲི་སྟོང་མང་པོའི་ཐད་བློ་འཚབ་ཡོད་པ་གསལ་སྟོན་བྱས་འདུག

ཕྱི་ཟླ་ལྔ་པའི་ཚེས་བཅུ་བདུན་དེ་བཞིན་རྒྱ་ནག་གཞུང་གིས་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་སྐུ་འཁོར་ནང་མི་དང་བཅས་བ་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་ཉི་ཤུ་རྩ་བརྒྱད་འགྲོ་བཞིན་ཡོད་པར་བརྟེན། ཁེ་ན་ཌའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Alexis Brunelle Duceppe ལགས་ཀྱིས་ཧྥརནསིའི་སྐད་ཀྱི་ཐོག་ནས་གྲོས་ཚོགས་ནང་ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གཙོས་པའི་སྐུ་འཁོར་ནང་མི་རྣམས་གློད་བཀྲོལ་གཏོང་དགོས་པའི་རྒྱབ་སྐྱོར་གསུང་བཤད་གནང་ཡོད་པ་ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་གསུངས་བྱུང་།
དེ་མིན་བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་ཀྱང་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ལྦ་རུ་གྲོས་ཚོགས་མདུན་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Garnet Genius ལགས་ཀྱིས་སངས་རྒྱས་སྐྱབས་ལགས་ཀྱི་ལས་འགུལ་དང་དགོས་འདུན་དོན་ཚན་ཁག་ལྔ་ལ་རྒྱབ་སྐྱོར་མཚོན་སླད་མཇལ་འཕྲད་གནང་བ་དང་ལྷན་དུ་ཟླ་བ་བཞི་ལྷག་རིང་གི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུགས་ཞུས་གནང་འདུག
དེ་དང་ཆབས་ཅིག་ཁེ་ན་ཌའི་གྲོང་འཁྱེར་ཀྲོ་རོན་ཀྲོ་ས་གནས་ St. George རུ་གནས་པའི་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་ཀྲོ་རོན་ཀྲོ་ས་གནས་གཞོན་ནུ་ལྷན་ཚོགས་དང་། ས་གནས་བུད་མེད་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་འོག་བོད་མི་མི་ཉུང་བ་ཞིག་ནས་ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གཙོས་པའི་སྐུ་འཁོར་ནང་མི་རྣམས་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ནས་སྐད་འབོད་གནང་ཡོད་པ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་ཉི་མ་ལྷ་མོ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་ནང་མི་སྐུ་འཁོར་དང་བཅས་པ་རྒྱ་ནག་གཞུང་ནས་བཙན་འཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་སྤྱི་དང་། རྒྱ་གཞུང་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་རིན་པོ་ཆེ་མཆོག་གཙོས་པའི་ནང་མི་སྐུ་འཁོར་དང་བཅས་པ་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་སྨོན་ལམ་འདེབས་བཞིན་ཡོད་པ་སོགས་གསུང་བྱུང་། མཐའ་དོན་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྤྱི་ལོ་༡༩༩༥ཕྱི་ཟླ་༥ པའི་ཚེས་བཅུ་བདུན་ཉིན་བཙན་འཁྲིད་བྱས་ནས་ད་བར་མི་ལོ་ཉི་ཤུ་རྩ་བརྒྱད་རིང་རིན་པོ་ཆེ་མཆོག་ཀྱི་གཙོས་སྐུ་འཁོར་ནང་མིའི་གནས་སྟངས་གསལ་སྟོན་བྱེད་དགོས་པ་རྒྱལ་ཁབ་གི་སྲིད་གཞུང་དང་འགྲོ་བ་མིའི་ཡི་ཐོབ་ཐང་ཚོགས་པ་ཁག་གིས་གནོན་ཤུགས་སྤྲད་ཀྱང་རྒྱ་ནག་གཞུང་གིས་ད་བར་གནས་སྟངས་གང་ཡིན་ཁ་གསལ་འགྲེལ་བརྗོད་བྱས་མེད།
གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལྷན་ཚོགས་Geneva Summit ཞེས་པའི་ཐོག་འབུམ་པ་རམས་པ་རྒྱལ་ལོ་ལགས་ནས་བོད་ཕྲུག་ཁྲི་སྟོང་མང་པོ་རྒྱ་ནག་གི་བཅའ་སྡོད་སློབ་གྲྭར་བཅུག་ཡོད་པའི་གནས་སྟངས་སྐོར་གཏམ་བཤད་གནང་བ་དང་། ཡང་ཚོགས་རྭའི་ཕྱི་རོལ་དུ་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་སྤྲུལ་སྐུ་མཆོག་དབུ་བཞུགས་ཐོག་༧ཀུན་གཟིགས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་བབས་ཐད་བློ་འཚབ་ཡོད་པ་ཞེས་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།
ཟླ་༥ཚེས་༡༧ཉིན་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལྷན་ཚོགས་Geneva Summitཞེས་པའི་ཐོག་རྒྱ་ནག་དམར་ཤོག་གཞུང་གིས་བོད་ཕྲུག་ཁྲི་སྟོང་མང་པོ་བཙན་གྱིས་ཕ་མ་དང་ཁ་བྲལ་གྱིས་བཅའ་སྡོད་སློབ་གྲྭར་བཅུག་ཡོད་པའི་གནས་སྟངས་དེ་མཚམས་འཇོག་མ་བྱས་པ་ཡིན་ན། བོད་ཀྱི་རིག་གཞུང་དང་བོད་མིའི་ངོ་བོར་གཏོར་བཤིག་བཏང་ནས། རྒྱ་ནག་གཞུང་གིས་ང་ཚོ་བོད་མི་རིགས་འདི་རྩ་མེད་གཏོང་བཞིན་ཡོད་ཅེས་གཏམ་བཤད་གནང་འདུག
ཡང་ཚོགས་རྭའི་ཕྱི་རོལ་དུ་བོད་དོན་རྒྱབ་སྐྱོར་བ་སུད་སིའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་ལྕམ་ཨེལ་ས་བྷེལ་མཆོག་ནས་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་བསྒྲགས་གཏམ་སྒྲོག་སྦྱངས་གནང་བའི་ནང་དུ། རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་པའི་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ལ་བློ་ཚབས་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་བྱིས་པ་རྣམས་བཙན་ཐབས་ཀྱིས་བཅའ་སྡོད་སློབ་གྲར་བཅུག་ནས་མི་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་སྤེལ་བཞིན་པ་དེ་དག་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་ཡོད་པས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་དེའི་ཐད་ཞིབ་འཇུག་གནང་དགོས་པ་སོགས་ཀྱི་འབོད་སྐུལ་གནང་འདུག
ཡང་སྐབས་དེར་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་སྤྲུལ་སྐུ་མཆོག་ནས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཡོང་ཆེད་ཞུ་སྐུལ་སྙན་ཞུ་ཞིག་ཕུལ་འདུག
གསར་འགོད་པ། ཨོ་རྒྱན།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག