ཁེ་ཎ་ཊས་བོད་ཀྱི་ཤེས་རིག་ཐད་སྒོར་མོ་ས་ཡ་གཉིས་གནང་རྒྱུ།
2015.03.09
ཁེ་ཎ་ཊའི་ཤེས་རིག་ལྷན་ཁང་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་རོགས་དངུལ་ཁེ་ཎ་ཌའི་སྒོར་མོ་ས་ཡ་གཉིས་གནང་རྒྱུ་ཡིན་འདུག
ཁེ་ཎ་ཊའི་ཤེས་རིག་ལྷན་ཁང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ལ་བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་རོགས་དངུལ་ཁེ་ཎ་ཌའི་སྒོར་མོ་ས་ཡ་གཉིས་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་པ་དང་། དེ་ནི་དེ་སྔོན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁེ་ཎ་ཊའི་ནང་ཆིབས་བསྒྱུར་བསྐྱངས་སྐབས། ཁེ་ཎ་ཊའི་ཤེས་རིག་ལྷན་ཁང་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་ཐད་རོགས་རམ་གནང་རྒྱུའི་རྣམ་འགྱུར་བཏོན་གནང་བ་དང་། སྔ་ལོ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཁེ་ཎ་ཊའི་དྲའི་ནང་ཕེབས་སྐབས་ཡུལ་དེ་ནས་བོད་པར་དངོས་སུ་རོགས་རམ་གནང་རྒྱུའི་ཞལ་བཞེས་ཐོབ་པ་དེ་དག་མཇུག་བསྣོན་ཆེད་ད་རེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གཟའ་འཁོར་སྔོན་མ་ཁེ་ཎ་ཊར་ཕེབས་འདུག
རྕ་བས་ལོ་གཉིས་ཀྱི་དུས་ཚོད་ནང་ཁེ་ཎ་ཊ་གཞུང་གིས་རོགས་དངུལ་ཁེ་ཎ་ཌའི་སྒོར་མོ་ས་ཡ་གཉིས་ཙམ་གནང་རྒྱུ་ཡིན་པ་དེ་དག་བཙན་བྱོལ་བོད་མིའི་ཤེས་ཡོན་དང་འབྲེལ་བའི་ལས་འཆར་ཁག་༡༧ཙམ་ཐོག་འགྲོ་གྲོན་གཏོང་གནང་རྒྱུ་ཡིན་ལུགས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། ལས་འཆར་ཁག་༡༧ནང་ནས་གཙོ་བོ་དགེ་རྒན་གྱི་ཟབ་སྦྱོང་དང་། དགེ་རྒན་འོས་སྦྱོང་གི་ལས་གཞི་ཡིནཔ་དང་། དེ་མིན་བོད་པའི་སློབ་གྲྭ་ཁག་གི་རྨང་གཞི་བརྟན་པོ་ཆགས་ཐབས་སུ་གཞི་རིམ་འོག་མའི་སློབ་གྲྭའི་སྤུས་ཚད་བཟང་དུ་གཏོང་ཐབས་གནང་་རྒྱུའི་ལས་འཆར་ཁག་ཅིག་ཡོད་སྐོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
ཤེས་རིག་བཀའ་བློན་མཆོག་ཕྱི་ཟླ་༢པའི་ཚེས་༢༢ཉིན་རྡ་ས་ནས་ཕེབས་ཐོན་གྱིས་ཨ་རི་དང་། ཁེ་ཎ་ཊ་ཁུལ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་ཅིང་། ཚེས༩ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོརཀ་ནང་ཕེབས་བཞུགས་ཀྱིས་ཟླ་བ་འདིའི་ཚེས་༡༢ཉིན་རྒྱ་གར་ལ་ཕྱིར་ལོག་གནང་གི་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།