ཨ་རི་དང་ཁེ་ན་ཌས་བོད་མི་མང་གི་བདེ་སྡུག་ལ་བློ་འཚབ་ཡོད་ལུགས་གཤོད་བཞིན་པ་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་ཡིན་ཚུལ་སྐྱོན་བརྗོད།
ཉེ་ཆར་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་བོད་དོན་དང་འབྲེལ་བའི་རྒྱ་ནག་གིས་བོད་འདི་རྒྱ་ནག་ཅན་དུ་བསྒྱུར་བའི་བརྗོད་གཞིའི་ཐད་བགྲོ་གླེང་གི་ཚོགས་འདུ་ཞིག་སྐོང་ཚོགས་གནང་པ་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛེ་ཡ་མཆོག་གིས་བོད་དོན་ཐད་གཏམ་བཤད་གནང་སྟེ། བོད་ནང་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་པའི་བོད་མི་རིགས་རྒྱ་སྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཐད་གླེང་སློང་ཤུགས་ཆེ་བྱས་པར་བརྟེན། ཁེ་ན་ཌར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། ཁེ་ན་ཌ་དང་ཨ་རི་གཉིས་ཀྱིས་བོད་མི་མང་གི་བདེ་སྡུག་ལ་བློ་འཚབ་ཡོད་ལུགས་གཤོད་བཞིན་པ་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་དང་བོད་ཀྱི་གནད་དོན་འདི་རང་གི་ཁེ་ཕན་ཆེད་བེད་སྤྱོད་གཏོང་གི་ཡོད་ཚུལ་ཁེ་ན་ཌར་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱིས་སྐྱོན་བརྗོད་བྱས་འདུག
དེ་ཡང་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝ་གཙུག་ལག་སློབ་གཉེར་ཁང་དུ། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་བཅས་པ་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་གནད་དོན་ཐད་བགྲོ་གླེང་གི་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་པ་དང་། ཚོགས་འདུའི་ཐོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛེ་ཡ་མཆོག་དང་། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་རྣམ་གཉིས་ཀྱིས་གཙོས་འབྲེལ་ཡོད་མི་སྣ་ཁག་ཅིག་གིས་གཏམ་བཤད་དང་བགྲོ་གླེང་གནང་ཡོད་པར་བརྟེན། ཕྱི་ཉིན་ཏེ་རེས་གཟའ་ལྷག་པ་ཕྱི་ཟླ་ ༣ ཚེས་ ༡༣ ཉིན་ཁེ་ན་ཌའི་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་ནས་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག
བསྒྲགས་གཏམ་དེའི་ནང་།བོད་ནང་ཕྲུ་གུ་ཚོ་བཙན་བཤེད་ཀྱི་ཐོག་ནས་གཏན་འཇགས་སློབ་གྲྭའི་ནང་གཏོང་གི་ཡོད་ལུགས་བཤད་ཀྱི་ཡོད་པ་དེ་ནི་དངོས་ཡོད་གནས་སྟངས་ལས་འགལ་བའི་སྐྱོན་འཛུགས་བྱས་པ་ཞིག་ཡིན་པ་དང་། བོད་ཀྱི་ས་ཁུག་ལུང་ཁུག་གི་གྲོང་གསེབ་ཁག་ནང་སློབ་གྲྭ་ཟུར་འཛུགས་བྱེད་རྒྱུའི་ས་ཁྱད་དང་མཐུན་རྐྱེན་གྱི་ཆ་ནས་ཁག་པོ་ཡིན་དུས་ང་ཚོས་གཏན་འཇགས་སློབ་གྲྭའི་ནང་བཏང་བ་ཞིག་ཡིན་པ་དང་དེའི་ནང་ལའང་བོད་པའི་སྐད་ཡིག་དང་། བོད་ཆས་གྱོན་ཆོག་པ། ཕ་མ་ཚོ་ཡང་ཕྲུ་གུར་ཐུགས་འཕྲད་ཡོང་ཆོག་པ་སོགས་ཀྱི་གནས་སྟངས་ཡོད་པ་ལས་ཁོང་ཚོ་ཆེད་དུ་མངགས་ནས་རྒྱ་མི་རིགས་ཀྱི་ནང་ཐིམ་འཇུག་པའི་སྲིད་བྱུས་འཛིན་གྱི་ཡོད་མ་རེད་ཅེས་གསལ་བཤད་ཀྱི་ཚུལ་དུ་བརྗོད་པ་མ་ཟད། ཁེ་ན་ཌ་དང་ཨ་རི་གཉིས་ཀྱི་སོ་སོའི་རྒྱལ་ཁབ་ནང་དུ་གདོད་མའི་མི་རིགས་ཐོག་སྲིད་བྱུས་འཛིན་སྟངས་ལ་ཕྱིར་སྐྱོན་བརྗོད་བྱས་ཡོད་འདུག
ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་སྲིད་བྱུས་འཛིན་བཞིན་པ་ལྟར། ཁེ་ན་ཌའི་གཞུང་ཚབ་ཀྱི་བསྒྲགས་གཏམ་དེའི་ནང་དེ་སྔ་དང་མི་འདྲ་བར་བོད་རང་སྐྱོང་ལྗོངས་ཟེར་བ་སོགས་ཐ་སྙད་བེད་སྤྱོད་མ་བྱེད་པར་ Xizang ཟེར་རྒྱ་སྐད་ཀྱི་ཐ་སྙད་ཆེད་མངགས་བཀོལ་སྤྱོད་བྱེད་བཞིན་ཡོད་ཅིང་། གནད་དོན་དབྱེ་ཞིབ་པ་ཚོས་འདི་ནི་TIBET ཞེས་དབྱིན་ཡིག་གི་ཐ་སྙད་ཡོངས་སུ་གྲགས་པ་འདི་མེད་པ་བཟོ་ཕྱིར་དང་ལྷག་པར་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུ་མ་གཏོགས་བོད་མི་འདུ་སྡོད་ཆོལ་གསུམ་ས་ཁུལ་ཡོངས་ལ་མི་ཁྱབ་པའི་སྐུལ་སློང་བཅང་གི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད། ཕྱོགས་མཚུངས། བོད་ནང་གཏན་འཇགས་སློབ་གྲྭའི་གནད་དོན་དང་དེ་ཡང་བོད་འདི་ཡོངས་སུ་རྒྱ་སྒྱུར་གྱི་སྲིད་བྱུས་ཐོག་ཤུགས་གནོན་རྒྱག་གྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་དང་བོད་ནང་གི་བོད་མི་ཚོས་གནས་ཚུལ་བརྗོད་ཡོད་ལ། རྒྱལ་ཚོགས་ཀྱི་རྒྱ་ནག་ཐོག་གི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཐེངས་ ༤ འདི་ལོ་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་གནང་པའི་སྐབས། བོད་ཀྱི་སྐོར་གླེང་སློང་བྱེད་མཁན་རྒྱལ་ཁབ་ ༢༠ ལྷག་དང་བོད་དོན་ཐད་རྒྱབ་གཉེར་དོན་ཚན་ ༢༤ ལྷག་བྱུང་པའི་ཁྲོད་དུའང་། གཏན་འཇགས་སློབ་གྲྭའི་གནས་ཚུལ་ཐད་རྒྱབ་གཉེར་མང་ཤོས་བྱས་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།