བོད་རྒྱ་འབྲེལ་མོལ་ཐད་ཡོ་རོབ་མཉམ་འབྲེལ་ལ་རེ་ཞུ།
2014.02.20

བོད་རྒྱ་གཉིས་ཕན་དབུ་མའི་ལམ་གྱི་ཐོག་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་སུ་ཡོ་རོབ་མཉམ་འབྲེལ་གྱིས་སྣེ་ཁྲིད་གནང་བའི་རེ་བ་ཞུས་འདུག
དེ་ཡང་ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐོག་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་དོན་གཏམ་བཤད་གནང་བའི་ནང། བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་གནང་བཞིན་པར་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་གདུང་སེམས་མཉམ་བསྐྱེད་དང་། རྒྱབ་སྐྱོར་གནང་བར་ཁ་ཞེ་གཉིས་མེད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཅེས་དང་། བོད་རྒྱ་གཉིས་ཕན་དབུ་མའི་ལམ་གྱི་ཐོག་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་སུ་ཡོ་རོབ་མཉམ་འབྲེལ་རྒྱལ་ཁབ་ཁག་གིས་སྣེ་ཁྲིད་གནང་བའི་རེ་བ་ཞུ་གི་ཡོད་པ་གསུང་འདུག
དེ་བཞིན་ཁོང་གིས་བདུན་ཕྲག་སྔོན་མར་ལོ་ན་༢༥་ཙམ་ཡིན་པའི་བློ་བཟང་རྡོ་རྗེ་ལགས་ཀྱིས་བོད་ཨ་མདོ་རྔ་བར་རང་ལུས་མེར་བསྲེག་བཏང་ནས་རྒྱ་ནག་ཞུང་ལ་ངོ་རྒོལ་གནང་ཡོད་པ་དང་། ཁོང་ནི་ད་བར་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་མི་གྲངས་༡༢༦པ་རེད། ཡོ་རོབ་མཉམ་འབྲེལ་རྒྱལ་ཁབ་ཁག་གིས་བོད་དོན་ཐོག་ཐུགས་ཁུར་དང་། བོད་ཀྱི་དཀའ་རྙོག་དེ་བཞིན་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་སུ་རྒྱབ་སྐྱོར་གནང་གི་ཡོད་པ་དེས་བོད་ནང་གི་བོད་མི་ཚོར་རེ་བ་ཆེན་པོ་ཞིག་སྟེར་གྱི་ཡོད་པ་རེད། མ་ཟད་བོད་མི་ཚོར་རེ་བ་མ་བརླག་པའི་ཐོག་ནས་བཟོད་བསྲན་གནང་སྟེ་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་མི་གནང་བའི་སྐུལ་མ་གནང་བ་ལྟ་བུ་ཞིག་ཀྱང་རེད་ཅེས་གསུང་འདུག
ད་དུང་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། རྒྱ་ནག་གི་དབུ་ཁྲིད་གསར་པ་ཚོས་ད་ལྟའི་ཆར་ བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་བཏང་མེད་ཀྱང་། རྒྱ་ནག་གི་དབུ་ཁྲིད་མང་པོ་ཞིག་གིས་བོད་ཀྱི་དཀའ་རྙོགས་སེལ་ཐབས་གནང་དགོས་པའི་དགོངས་པ་བཞེས་ཀྱི་ཡོད་པ་དང་། དེར་ངོ་རྒོལ་གནང་མཁན་རྒྱ་ནག་གི་དབུ་ཁྲིད་ཡང་མང་པོ་ཡོད་ལུགས་གསུང་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།