འབར་མའི་སློབ་ཕྲུག་ཁག་བཞུཊ་སྒར་དུ་སྐོར་སྐྱོད་བྱེད་བཞིན་པ།
2011.09.24
༄༅༎བཞུགས་སྒར་རྡ་རམ་ས་ལའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བུད་མེད་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་དགུ་བཅུ་གསུམ་ཆབ་སྲིད་བཙོན་ཟུར་ཚོགས་པ་བཅས་ཐུན་མོང་ནས་གོ་སྒྲིག་ཞུས་པའི་འོག རྒྱ་གར་ནང་སྐྱབས་བཅོལ་དུ་གནས་སྡོད་བྱེད་མཁན་བྷར་མའི་སློབ་ཕྲུག་དང་། ཆབ་སྲིད་དོན་གཉེར་བ་ཁག་ཅིག་ཉིན་གྲངས་གསུམ་རིང་བཞུགས་སྒར་ཁུལ་བསྐོར་སྐྱོད་བྱེད་བཞིན་ཡོད་འདུག
ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་བརྩོན་འགྲུས་ལགས་ནས། ང་ཚོ་བོད་མི་ཚོས་རྒྱ་ནག་གཞུང་ལ་རང་དབང་དང་། མང་གཙོ་དགོས་པའི་འཐབ་རྩོད་བྱེད་ཀྱི་ཡོད་པ་དང་འདྲ་མཚུངས་བྷར་མའི་ནང་གུང་བྲན་སྲིད་གཞུང་ལ་འཐབ་རྩོད་བྱེད་ཀྱི་ཡོད་རེད་ལ་བྷར་མའི་སྲིད་དབང་གཅིག་བསྡུད་ཀྱི་གཞུང་ལ་རྒྱ་ནག་གཞུང་ནས་མཐུན་འགྱུར་བྱེད་ཀྱི་ཡོད་སྟབས། ང་ཚོ་ཕན་ཚུན་གདུང་སེམས་མཉམ་སྐྱེད་ཀྱང་མཚོན་གྱི་ཡོད་རེད། ལྷག་པར་དུ་ཕན་ཚུན་གཉིས་ཀའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཐོག་གོ་བསྡུར་སྦྱང་བཤད་དང་། མིག་དཔེ་ལེན་ཕྱོགས་སོགས་ཀྱི་གྲོས་བསྡུར་བྱེད་རྒྱུར་དམིགས་ནས་ལོ་ལྟར་བྱེད་སྲོལ་ཡོད་པའི་འཆར་གཞི་ཞིག་ཀྱང་རེད་ཅེས་འགྲེལ་བརྗོད་བྱེད་འདུག
དེ་དང་ཕྱོགས་མཚུངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་འཇིགས་བྲལ་ལགས་ནས། བྷར་མའི་མི་མང་ཚོ་ཡང་ང་ཚོ་ནང་བཞིན་དྲག་པོའི་སྲིད་དབང་འོག་སྡུག་པོ་མྱང་ཡོད་པ་ལྟར། ང་ཚོ་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་། ང་ཚོ་བཙན་བྱོལ་ནང་གི་བོད་མི་ཚོའི་གནས་སྟངས་ཁོང་ཚོར་ངོ་སྤྲོད་བྱེད་ཐུབ་པ་དང་། ཁོང་ཚོར་ཡང་གོ་རྟོགས་ཡོང་གི་ཡོད་པ་དེ་ནི་ཡག་པོ་རེད་བསམ་གྱི་འདུག་ཅེས་གསུངས་འདུག བྷར་མའི་སློབ་ཕྲུག་རྣམས་ཉིན་གྲངས་གསུམ་རིང་བཞུགས་སྒར་ཁུལ་གྱི་སློབ་གྲྭ་དང་། གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་ལ་གཟིགས་བསྐོར་དང་། ལྷག་པར་དུ་ད་ལྟ་ཚུགས་བཞིན་པའི་བོད་མི་མང་གྲོས་ཚོགས་ནང་ཟུར་ཉན་རྟོག་ཞིབ་བྱེད་རྒྱུའི་ལས་རིམ་ཡོད་འདུག།