རྒྱ་གར་ནང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐེངས་དྲུག་པ།
2018.08.24

ཕྱི་ཟླ་ ༨ ཚེས་༢༣་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་སྲིད་འཛིན་Ram Nath Kovind མཆོག་གིས་རྒྱལ་ས་ལྡི་ལིའི་ནང་། རྒྱ་གར་ནང་གི་ནང་པའི་གནས་ས་ཁག་ལ་གནས་མཇལ་བསྐོར་བསྐྱོད་དང་འབྲེལ་བའི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་དྲུག་པ་དེ་དབུ་འབྱེད་གནང་ཡོད་པ་རེད། དེ་ཡང་རྒྱ་གར་གྱི་སྲིད་འཛིན་མཆོག་གིས་གསུང་བཤད་ནང་།ལྷན་ཚོགས་དེ་ནི་ནང་ཆོས་དོན་གཉེར་བ་དང་ནང་པའི་ལྟ་གྲུབ་ལ་མཁས་པ། གཞན་ཡང་ནང་པའི་གནས་ས་ཁག་ལ་གནས་མཇལ་བསྐོར་བསྐྱོད་ཀྱི་ལས་དོན་དང་འབྲེལ་བ་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་གྱི་ལས་འཁུར་ཞུ་མཁན་ལ་སོགས་པ་ནང་པའི་རིག་གཞུང་དོན་གཉེར་དང་འབྲེལ་བ་ཡོད་པའི་གལ་ཆེའི་ལྷན་ཚོགས་ཤིག་ཡིན་པ་གསུངས་ཡོད་པ་རེད།རྒྱ་གར་ནི་ནང་པ་སངས་རྒྱས་པའི་བསྟན་པ་ཐོག་མར་དར་ས་དང་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ་དང་ཐད་ཀར་འབྲེལ་བ་ཡོད་པའི་གནས་ཆེན་ཁག་ཡོད་སའི་རྒྱལ་ཁབ་དེ་ཡིན་པར་སོང་། ལྷན་ཚོགས་འདི་ནི་རྒྱ་གར་གཞུང་གིས་རང་གི་ནང་ཆོས་དང་འབྲེལ་བའི་རིག་གཞུང་གི་རྩ་བ་དེ་བེད་སྤྱོད་ཀྱིས་འབྲེལ་ཡོད་ལྷོ་ཤར་ཨེ་ཤེ་ཡ་གཙོ་བོ་གྱུར་བའི་ནང་པའི་རྒྱལ་ཁབ་ཁག་དང་། ཆོས་དང་། རིག་གཞུང་། ཆབ་སྲིད། དཔལ་འབྱོར་བཅས་པའི་འབྲེལ་ཐག་ཉེ་རུ་གཏོང་རྒྱུའི་སྲིད་བྱུས་བཟུང་བའི་གལ་ཆེའི་ལས་འཆར་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ཐེངས་འདིའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་འདི་ནི་ཐེངས་དྲུག་པ་ཡིན་པ་དང་། ལྷན་ཚོགས་དེ་ཐོག་མར་ཕྱི་ལོ་2004ལོར་གནས་མཆོག་རྡོ་རྗེ་གདན་དུ་བསྐོངས་ཚོགས་གནང་ཞིང་། དེའི་རྗེས་ལྷན་ཚོགས་དེ་ཕྱི་ལོ་2010དང་12,14,16 བཅས་པ་ལོ་གཉིས་རེའི་མཚམས་སུ་ཐེངས་རེའི་གོ་སྒྲིག་ཞུས་ཡོད་པ་རེད།ཐེངས་འདིའི་ཉིན་གསུམ་གྱི་ལྷན་ཚོགས་དེ་བཞིན་ཕྱི་ཚེས་23ནས་26གི་བར་རྒྱལ་ས་ལྡི་ལིའི་ནང་བསྐྱང་བཞིན་ཡོད་པ་དང་། ལྷན་ཚོགས་ཐོག་རྒྱལ་ཁབ་29ནས་ནང་པའི་འཐུས་ཚབ་མཉམ་ཞུགས་བྱེད་བཞིན་ཡོད་ཅིང་། དེའི་ཁོངས་ནས་རྒྱ་གར་དང་མཉམ་ལས་གནང་མཁན་གཙོ་བོ་ཞིག་ནི་ཉི་ཧོང་ཡིན་པ་དང་། རྒྱ་གར་གྱི་སྲིད་འཛིན་མཆོག་གི་གསུང་བཤད་ནང་དུའང་། དམིགས་བསལ་རྒྱ་གར་དང་ཉི་ཧོང་བར་གྱི་ནང་ཆོས་དང་འབྲེལ་བའི་རིག་གཞུང་གི་འབྲེལ་བ་དེ་རྒྱ་ཆེ་གཏིང་གཟབ་ཅིག་ཡིན་པའི་བསྔགས་བརྗོད་རྒྱ་ཆེ་གནང་ཡོད་པ་རེད།
གསར་འགོད་པ་བློ་བཟང་ཡེ་ཤེས།