བོད་ནང་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་འཛིན་གྲྭ་བསྡུ་ཞོར་ཆབ་སྲིད་ཀྱི་སློབ་གསོ་སྤྲད་འདུག
2020.05.12
མཚོ་སྔོན་ཞིང་ཆེན་ནང་བོད་ཀྱི་ནང་བསྟན་ཆོས་ལུགས་སྐུ་ཚབ་མི་སྣའི་ཆོས་ལུགས་ཆབ་སྲིད་འཛིན་གྲྭ་ཞེས་པ་ཞིག་ཚོགས་ནས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་འདུག
མཚོ་སྔོན་ཞིང་ཆེན་ནང་བོད་ཀྱི་ནང་བསྟན་ཆོས་ལུགས་སྐུ་ཚབ་མི་སྣའི་ཆོས་ལུགས་ཆབ་སྲིད་འཛིན་གྲྭ་ཞེས་པ་ཞིག་ཚོགས་ནས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་ཡང་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུའི་ཡང་སྲིད་སྐོར་ཀྱི་འགྲེམས་སྟོན་བྱས་ཡོད་འདུག
སྤྱི་ཟླ་ལྔ་བའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ཞེས་བའི་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་འབྲེལ་ཡོད་སྐུ་ཚབ་བསྡུས་ནས་ཆོས་ལུགས་ཆབ་སྲིད་འཛིན་གྲྭ་ཟེར་བ་ཞིག་འཚོགས་ཡོད་འདུག་ལ། ཚོགས་འདུ་དེའི་ཐོག་མཚོ་སྔོན་ཞིང་ཆེན་གྱི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགན་འཛིན་མགོན་པོ་བཀྲ་ཤིས་ཞེས་པས་གཏམ་བཤད་སྐབས། ཆོས་ལུགས་པར་ཆབ་སྲིད་ཀྱིས་ཡིད་ཆེས་བྱས་ཆོག་པ་དང་། ཆོས་ལུགས་ལ་སྦྱངས་བ་ཡོད་པ། ཀུན་སྤྱོད་ཀྱིས་བཀའ་ལ་ཉན་པ་དང་གནད་འགག་གི་སྐབས་སུ་ནུས་པ་ཐོན་པ་ཞེས་ཚད་གཞི་བཞི་ཚང་དགོས་པའི་སྐོར་དང་། རྒྱལ་གཅེས་ཆོས་གཅེས་བྱས་ནས་ཁ་བྲལ་ལ་ངོ་རྒོལ་དང་། གནད་འགག་གི་སྐབས་སུ་ཏང་དང་མི་དམངས་ཀྱི་ཕྱོགས་ནས་ལངས་ཐུབ་པ་ཞིག་ཡིན་དགོས་པ། བླ་མའི་ཡང་སྲིད་ངོས་འཛིན་སྐབས་དབུས་གཞུང་གི་ཆོག་མཆན་ཡོད་པའི་ཐོག་མེས་རྒྱལ་ཆིག་སྒྲིལ་དང་། རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་བྱེད་དགོས་བ་སོགས་གཏམ་བཤད་བྱས་ཡོད་འདུག
གནས་ཚུལ་དེའི་ཐད་རྒྱ་ནག་གི་གནས་ཚུལ་ཞིབ་འཇུག་པ་སངས་རྒྱས་སྐྱབས་ལགས་ཀྱིས། སྤྱིར་བཏང་རྒྱ་ནག་གིས་ཆོས་ལུགས་ཟབ་སྦྱོང་སྐོར་དང་། ཡང་སྤྲུལ་སྐོར་གྱི་ཚོགས་འདུ་མང་པོ་ཞིག་འཚོག་གི་འདུག མིག་སྔར་གནས་སྟངས་དེ་ཤུགས་ཆེ་རུ་འགྲོ་བཞིན་འདུག དེའི་རྒྱུ་མཚན་ནི་རྒྱ་ནག་གི་ཆོས་ལུགས་དང་མི་རིགས་ཀྱི་ལས་དོན་དེ་འཐབ་ཕྱོགས་གཅིག་གྱུར་ལ་སྤྲད་ནས་ལོ་གཅིག་ཙམ་འགྲོ་བཞིན་འདུག་ལ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་དེ་ནི་རིག་གནས་གསར་བརྗེ་ཆེན་མོའི་བྱེད་སྟངས་ཡིན་སྟབས། མིར་བཙན་དབང་བཀོལ་ནས་མི་རིགས་ཀྱི་སྲོག་རྩར་གྱུར་པའི་སྐད་ཡིག་དང་ཆོས་ལུགས་ཀྱི་འདུ་ཤེས་རྩ་མེད་བཟོ་རྒྱུའི་ཐབས་ལམ་ཇེ་དྲག་ཏུ་བཏང་བ་ཞིག་ཡིན་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དེ་དང་འདྲ་བར་རྒྱ་ནག་གིས་བགོས་པའི་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་དུ་ཡང་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་སྤྲུལ་སྐུའི་སྙིང་དོན་འགྲེམས་སྟོན་ཞེས་པ་ཞིག་འཚོགས་ནས། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་སྤྲུལ་སྐུར་དོ་དམ་བྱེད་ཐབས་ཞེས་པ་ཞིག་ལ་སློབ་སྦྱོང་ནན་མོ་བྱས་ཡོད་པའི་སྐོར་འཁོད་ཡོད་པ་རེད། གནས་ཚུལ་དེའི་སྐོར་ལ་སངས་རྒྱས་སྐྱབས་ལགས་ཀྱིས་མུ་མཐུད་དུ། ཡང་སྲིད་སྐོར་གྱི་ཚོགས་འདུ་མང་བོ་ཞིག་འཚོག་བཞིན་པ་དེའི་དམིགས་ཡུལ་གཙོ་བོ་ནི་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཚང་གི་ཡང་སྲིད་དེ་མ་འོངས་བར་ཁོ་ཚོས་བཙལ་ནས་བོད་ལ་དབང་བསྒྱུར་བྱ་རྒྱུ་དེ་ཡིན་ལ། ལོ་ངོ་བདུན་ཅུའི་ཉམས་མྱོང་ལ་བལྟས་པ་ཡིན་ན། རྒྱ་ནག་གི་སློབ་གསོས་བོད་མི་རིགས་ཀྱི་འདུ་ཤེས་དང་དད་མོས་ལ་འགྱུར་བཅོས་གཏོང་ཐུབ་པ་ཞིག་ཡིན་ན་སྔ་མོ་ནས་བཏང་ཟིན་པ་ཞིག་ཡིན་སྟབས། སློབ་གསོ་དེས་བོད་མི་རིགས་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ངེས་པའི་སྐོར་འགྲེལ་བརྗོད་གནང་གི་འདུག
ཉིས་སྟོང་བཅུ་དགུ་ལོར་བཙན་བྱོལ་བོད་མིའི་ཆོས་ལུགས་ཚོགས་ཐེངས་བཅུ་བཞི་བའི་སྟེང་དུ། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་ཁག་རྣམ་པ་མཉམ་འཛོམས་ཀྱིས། ༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་དེ། ནང་པ་སངས་རྒྱས་བའི་གཞི་རྩའི་ལྟ་གྲུབ་ཡང་དག་ལ་བརྟེན་ཅིང་། མི་ལོ་བརྒྱད་བརྒྱ་ལྷག་ཙམ་གྱི་སྔོན་ནས་བྱུང་བའི་བོད་ལུགས་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ད་ལྟའི་བར་རྒྱུད་འཛིན་ལག་ལེན་བྱས་དང་བྱེད་མུས་ཡིན་པའི་བྱེད་ཐབས་དེ་ཉིད་ལ་བརྟེན་ནས་ངོས་འཛིན་བྱ་རྒྱུ་ཡིན་པ་དང་། གལ་སྲིད་རྒྱ་ནག་གིས་རང་འདོད་ཀྱིས་ངོས་འཛིན་བྱས་པ་ཡིན་ན། ཡང་སྤྲུལ་དེར་བོད་མི་རྣམས་ནས་ངོས་འཛིན་དང་དད་མོས་བྱ་རྒྱུ་མིན་པའི་སྐོར་གྱི་གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་བཞག་ཡོད་ལ། དེ་བཞིན་ཨ་རི་གཙོས་ཕྱིའི་ཡུལ་གྲུ་ཁག་ཅིག་གིས་ཀྱང་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱིས་མཚོན་པའི་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་ཡང་སྲིད་ཕེབས་ཕྱོགས་ཐད་སྲིད་གཞུང་གང་འདྲ་ཞིག་གིས་ཀྱང་ཐེ་གཏོགས་བྱ་མི་ཆོག་པའི་གྲོས་ཆོད་བཞག་ཡོད་པ་རེད།