ཧོང་ཀོང་དུ་གསར་ལས་ཁང་ཞིག་ཏུ་ལས་བྱེད་པས་ངོ་རྒོལ།
2011.09.15
༄༅༎ཧོང་ཀོང་ས་གནས་སྲིད་གཞུང་གིས་ RTHK ཞེས་པའི་ཧོང་ཀོང་གི་རླུང་འཕྲིན་དང་བརྙན་འཕྲིན་ལས་ཁང་གི་འགན་འཛིན་དུ་གཞུང་ཞབས་མི་སྣ་བསྐོ་བཞག་བྱས་པ་དེས་ གསར་འགྱུར་ལས་ཁང་གི་ལས་དོན་གྲུབ་ཕྱོགས་ལ་ཆབ་སྲིད་ཀྱི་ཐེ་ཇུས་བྱས་པའི་སྐོར་ གསར་འགྱུར་ལས་ཁང་གི་ལས་བྱེད་པ་ཚོས་ངོ་རྒོལ་སྐྱོན་བརྗོད་ཀྱི་རྩོད་གླེང་ཆེ་རུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་༎
RTHK ཞེས་པའི་ཧོང་ཀོང་གི་རླུང་འཕྲིན་དང་བརྙན་འཕྲིན་ལས་ཁང་དེ་བཞིན་སྤྱིར་གཞུང་འབྲེལ་གྱི་གསར་འགྱུར་ལས་ཁང་ཞིག་ཡིན་ཡང་ གསར་ལས་ཁང་དེས་ ཧོང་ཀོང་ས་གནས་སྲིད་གཞུང་དང་ རྒྱ་ནག་སྐམ་ས་ཆེན་མོའི་གནོན་ཤུགས་སྤྲད་མིན་ལ་མ་ལྟོས་པར་ གཞུང་གི་སྲིད་ཇུས་དང་ལས་དོན་གྲུབ་ཕྱོགས་རིགས་ལ་ རང་དབང་ལྡན་པའི་ཐོག་ནས་ གནས་ཚུལ་རྒྱང་སྲིང་དང་སྐྱོན་བརྗོད་ཐེར་འདོན་བྱས་ཏེ་ མང་ཚོགས་ཀྱི་ཡིད་ཆེས་དང་གདེངས་འཇོག་ཆེན་པོ་ཐོབ་ཡོད་པ་རེད་ ཉེ་ལམ་གསར་ལས་ཁང་གི་འགན་འཛིན་འཕོ་བསྒྱུར་བྱུང་བའི་སྐབས་ ཧོང་ཀོང་ས་གནས་སྲིད་གཞུང་ནང་ལས་རྩོལ་དང་སྤྱི་ཚོགས་བདེ་དོན་ལས་ཁང་གི་འགན་འཛིན་གཞོན་པ་རོའེ་ཏང་(Roy Tang)ཞུ་བ་དེ་གསར་ལས་ཁང་གི་འགན་འཛིན་དུ་བསྐོ་བཞག་བྱས་ཡོད་ཀྱང་ ཁོ་པར་གསར་འགོད་པའི་ཉམས་མྱོང་ཅི་ནས་མེད་པར་བརྟེན་ གསར་ལས་ཁང་གི་ལས་བྱེད་པ་ཚོས་ ཁོ་པ་འགན་འཛིན་དུ་བསྐོ་བཞག་གི་ཐག་གཅོད་དེ་ཕྱིར་བསྡུ་བྱ་དགོས་པའི་དགོས་འདུན་བཏོན་སྟེ་རྩོད་གླེང་ཆགས་ཡོད་པ་རེད་ འགན་འཛིན་གསར་པ་རོའེ་ཏང་གིས་ཁ་ས་གསར་ལས་ཁང་ནང་དངོས་སུ་ལས་བཅར་ཞུས་པའི་ཉིན་ཐོག་མ་དེ་རང་ གསར་ལས་ཁང་གི་ལས་རྩོལ་མཐུན་ཚོགས་ཀྱི་ཚོགས་མི་བཅུ་གྲངས་ལྷག་གི་ལས་ཁུངས་ཀྱི་ཕྱི་ལ་ངོ་རྒོལ་གྱི་རྣམ་པ་མཚོན་པའི་ས་གདན་ནག་པོ་གཏིང་ནས་ཕེབས་བསུ་དང་ ལག་ཏུ་ གསར་ལས་ཁང་ལ་རང་དབང་དགོས་ སྲི་ཞུ་ལས་བྱེད་ཕྱི་ལ་ཐོན་ཞེས་སོགས་འཁོད་པའི་སྦྱར་ཡིག་འཕྱར་ཞིང་ ཁོ་པ་འགན་འཛིན་ནས་ལམ་སེང་དགོངས་ཞུ་བྱ་དགོས་པའི་སྐོར་ངོ་རྒོལ་སྐད་འབོད་དང་དགོས་འདུན་ཤུགས་དྲག་བྱས་ཡོད་འདུག་ གསར་ལས་ཁང་གི་ལས་རིམ་བཀོད་སྒྲིག་སྡེ་ཚན་གྱི་ལས་རྩོལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཇེ་ནེཏ་མཀ་ཞུ་བས་བརྗོད་ན་ འགན་འཛིན་གསར་པ་རོའེ་ཏང་ལ་གསར་འགོད་པའི་ཉམས་མྱོང་ཅི་ནས་མེད་པའི་ཁར་ སྲི་ཞུ་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ གཞུང་གི་སྲིད་ཇུས་གོང་སྤེལ་དང་ལག་བསྟར་བྱེད་པའི་བསམ་བློའི་ཁྱེར་སོ་ཡོད་པ་མ་ཟད་ དེ་ལྟ་བུའི་སྲི་ཞུ་ལས་བྱེད་པ་ཞིག་གསར་ལས་ཁང་གི་འགན་འཛིན་དུ་བསྐོ་བཞག་བྱས་པ་དེ་ ཧོང་ཀོང་ས་གནས་སྲིད་གཞུང་གིས་ གསར་འགྱུར་ལས་ཁང་གི་གཏམ་བརྗོད་ཀྱི་རང་དབང་ལ་དོ་དམ་བཏང་འཛིན་བྱེད་པའི་སྲིད་ཇུས་གསལ་འདོན་ཡིན་སྐོར་སྐྱོན་བརྗོད་བྱས་འདུག་༎