དབྱིན་ཡུལ་གྱི་སྲིད་བློན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་མཇལ་འཕྲད་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་གནང་འདུག
དབྱིན་ཡུལ་གྱི་སྲིད་བློན་Sir Keir Starmer དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྣམ་གཉིས་དབར་མཇལ་འཕྲད་ཀྱིས་རྒྱལ་ཁབ་གཉིས་དབར་རྒྱལ་སྤྱིའི་བརྟན་ལྷིང་དང་། གནམ་གཤིས་འགྱུར་ལྡོག ཚོང་འབྲེལ་སོགས་གང་གི་ཐད་ནས་འབྲེལ་བ་མདུན་སྐྱོད་གཏོང་རྒྱུའི་བཀའ་མོལ་གནང་འདུག་ལ། དེ་དང་ཆབས་ཅིག་དབྱིན་ཡུལ་གྱི་སྲིད་བློན་མཆོག་གིས་རྒྱ་ནག་ཕྱོགས་ནས་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ཚོར་བཀག་སྡོམ་དང་། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་Jimmy Lai གཙོས་པའི་དབྱིན་ཇིའི་སྤྱི་དམངས་ཀྱི་འགྲོ་བ་མིའི་ཐོང་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ལ་སེམས་ཚབས་ཡོད་པ་སོགས་འགྲོ་བ་མིའི་ཐོབ་གི་གནད་དོན་ཁག་ཅིག་ཀྱང་གླེང་གནང་ཡོད་འདུག
Brazil གྱི་Rio De Jenieiro གྲོང་ཁྱེར་དུ་ G20 འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ཆེས་མཐོའི་ལྷན་ཚོགས་གནང་བཞིན་ཡོད་ཅིང་། ཕྱི་ཚེས་༡༨རེས་གཟའ་ཟླ་བའི་ཉིན་ལྷན་ཚོགས་ཀྱི་ཞོར་དུ་དབྱིན་ཡུལ་གྱི་སྲིད་བློན་Starmer དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་རྣམ་གཉིས་དབར་མཇལ་འཕྲད་གནང་ཡོད་པ་རེད། དེ་ནི་༢༠༡༨ནས་བཟུང་རྒྱལ་ཁབ་གཉིས་ཀྱི་དབུ་འཁྲིད་དབར་མཇལ་འཕྲད་གནང་བ་ཐོག་མ་དེ་ཆགས་ཡོད་འདུག ལྷག་པར་དུ་Starmer གྱིས་ Jimmy Lai གྱི་གནད་དོན་སྐོར་བརྗོད་དུས་རྒྱ་ནག་གཞུང་འབྲེལ་མི་སྣས་དབྱིན་ཇིའི་གསར་འགོད་པ་ཚོ་ཚོགས་འདུ་ནས་ཕྱིར་ཕུད་བཏང་བའི་གནས་ཚུལ་བྱུང་ཡོད་པ་ཨ་རིའི་Bloomberg གསར་ཁང་གིས་གནས་ཚུལ་བརྗོད་འདུག
དབྱིན་ཡུལ་གྱི་སྲིད་བློན་མཆོག་ Brazil དུ་ཕེབས་ཐོན་མ་གནང་གོང་རྒྱ་ནག་དང་ཐུན་མོང་གི་མཉམ་ལས་ཁྱབ་ཁོངས་ཐོག་མཉམ་འབྲེལ་བྱེད་པ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་ལུགས་དང་། ཡང་སྲིད་བློན་ཁོང་གིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་འགལ་ཟླའི་གནད་དོན་ཐོག་དྲང་པོའི་ཐོག་ནས་གླེང་མོལ་བྱ་དགོས་ཤིང་། འབྲེལ་ལམ་དེས་ཐོག་མཐའ་བར་གསུམ་དུ་དབྱིན་ཡུལ་རྒྱལ་ཁབ་ཀྱི་ཁེ་ཕན་གྱི་གཞི་རྩ་འཛུགས་ཐུབ་རྒྱུ་ཡིན་སྐོར་གསུངས་ཡོད་པ་བློན་ཆེན་ལས་ཁུངས་ཀྱིས་གསལ་འདོན་གནང་ཡོད་པ་རེད། བརྒྱུད་ལམ་ཁག་གིས་གནས་ཚུལ་ནང་གསལ་ལྟར་ན། ད་རེས་དབུ་འཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་དངོས་སུ་གྲུབ་རྗེས་དབྱིན་ཡུལ་སྲིད་བློན་མཆོག་གིས་སྲིད་འཛིན་ཞི་ཅིང་ཕིང་དང་མཇལ་མོལ་སྐབས་རྒྱལ་ཁབ་གཉིས་ཀའི་ངོས་ནས་ཕན་ཚུན་དབར་གུས་བརྩི་ལྡན་པ་དང་། རྒྱུན་གནས་ཐུབ་པ་དེ་བཞིན་འབྲེལ་བ་བརྟན་པོ་ཞིག་གནས་རྒྱུར་མོས་མཐུན་བྱུང་ཡོད་པ་གསལ་འདོན་གནང་པའི་ཐོག རིང་མིན་རྒྱ་ནག་གི་སྲིད་བློན་ལྷན་དང་དབྱིན་ཇིའི་རྒྱལ་ས་ལོན་ཏོན་དང་ཡང་ན་རྒྱ་ནག་གི་རྒྱལ་ས་པེ་ཅིང་གང་རུང་དུ་མཇལ་མོལ་གནང་རྒྱུ་ཡིན་པ་མ་ཟད། དབྱིན་ཡུལ་གྱི་ནོར་སྲིད་བློན་ཆེན་ལྩམ་Rachel Reeves དང་རྒྱ་ནག་གི་འབྲེལ་ཡོད་བློན་ཆེན་He Lifeng རྣམ་གཉིས་དབར་འཆར་ལོ་ཕྱི་ཟླ་༡པོའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་མཇལ་འཕྲད་གནང་རྒྱུ་ཡིན་པ་གསལ་འདོན་གནང་འདུག
ཡང་གནས་ཚུལ་ནང་གསལ་བ་ལྟར་ན། དབྱིན་ཡུལ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་ཡིན་པ་ཕྱོགས་འགལ་རྙིང་ཞེན་ཆབ་སྲིད་ཚོགས་པའི་འཐུས་མི་ལྕམ་Alicia Kearns གཙོས་པའི་མི་སྣ་ཁག་ཅིག་གིས་སྲིད་བློན་Keir Starmer ལགས་ནས་རྒྱ་ནག་གི་སྲིད་འཛིན་ལྷན་འགྲོ་བ་མིའི་ཐོབ་སྐོར་གླེང་སློང་དགོས་པ་གསུངས་ཡོད་ཅིང་། དབྱིན་ཡུལ་གྱི་སྲིད་བློན་ལས་ཁུངས་ཀྱིས་ད་རེས་ཀྱི་མཇལ་འཕྲད་སྐབས་སྲིད་བློན་མཆོག་ནས་ཧོང་ཀོང་ནང་བཙོན་འཇུག་ཡོད་བྱས་ཡོད་པའི་ཀུ་ཤུ་གསར་ལས་ཁང་གི་སྦྱིན་བདག་དང་དམངས་གཙོ་དོན་གཉེར་བ་དང་དབྱིན་ཇིའི་མི་སེར་ཡིན་པ་Jimmy Lai བཙོན་འཇུག་བྱས་པའི་གནད་དོན་དང་། གཞན་རྒྱ་ནག་གཞུང་ནས་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ལ་རྒྱ་ནག་དང་ཧོང་ཀོང་ནང་འགྲིམ་འགྲུལ་བཀག་བསྡོམ་བྱས་པའི་གནད་དོན་སོགས་གླེང་སློང་གནང་ཡོད་པ་གསུངས་འདུག
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།