ཡར་རླུང་གཙང་པོའི་ཆུ་རགས་ལ་བརྟེན་ནས་ཆུ་ལོག་གི་ཉེན་ཁ།
རྒྱ་ནག་གིས་བོད་ནང་འཛུགས་བསྐྲུན་གྱི་ལོའི་ལྔའི་ལས་འཆར་གྱི་ཁོངས་སུ་༢༠༢༡ ལོ་ནས་འགོ་འཛུགས་ཀྱིས་ཀོང་པོ་ཉིང་ཁྲིའི་མེ་ཏོག་རྫོང་ཁུལ་དུ་རྒྱུག་པའི་ཡར་རླུང་གཙང་པོའི་ཐོག་སླར་ཡང་ཆུ་རག་གསར་པ་ཞིག་རྒྱབ་འཆར་ཡོད་པ་དེར་རྒྱ་གར་ཐེ་བས་གཙང་པོ་དེ་རྒྱུགས་ཡུལ་འཁེལ་བའི་རྒྱལ་ཁབ་ཚོས་སེམས་ཚབས་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་ཐོག་ཆུ་རགས་མ་བརྒྱབ་གོང་རྒྱུག་ཆུ་དེ་རྒྱུགས་སའི་གཤམ་འོག་གི་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཇི་འདྲ་འཐེབ་ཀྱི་ཡོད་མིན་སྐོར་རྟོག་ཞིབ་བྱ་རྒྱུ་ཡིན་ལུགས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་རྒྱ་ནག་གཞུང་གི་དཔོན་རིགས་ཤིག་གིས་བརྗོད་འདུག
གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་བོད་ཀྱི་ཡར་རླུང་གཙང་པོ་རྒྱུག་སའི་གཤམ་འོག་གི་ས་ཁུལ་དུ་ GW དྲུག་བཅུ་བར་གྱི་ཆུ་ཤུགས་གློག་འདོན་གྱི་ནུས་པ་མཁོ་སྤྲོད་ཐུབ་པའི་ཆུ་རགས་ཁག་ཅིག་བརྒྱབ་རྒྱུའི་གནས་ཚུལ་འདོན་སྤེལ་བྱས་ཤིང་། དེས་ཕན་ཐོག་ངེས་ཅན་ཞིག་ཡོང་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད། རྒྱ་ནག་གིས་དེ་སྔོན་ཡང་ཡར་ཀླུང་གཙང་པོའི་ཐོག་ཆུ་ཤུགས་གློག་འདོན་ཆེད་ཆུ་རགས་རྒྱབ་པ་དེས་གཙང་ཆུ་དེ་རྒྱུགས་ཡུལ་
རྒྱ་གར་དང་སྦང་ལ་རྡེཤི་རྒྱལ་ཁབ་གཉིས་ལ་འབྱུང་བའི་གོད་ཆགས་ཆེན་པོ་བྱུང་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད།
ཡིན་ནའང་རེས་གཟའ་ལྷག་པ་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་ཀྱི་ལས་བྱེད་ Ji Rong ཡིས་སྤྱི་བསྒྲགས་ཤིག་སྤེལ་བ་དེའི་ནང་ཡར་རླུང་གཙང་པོ་རྒྱུག་སའི་གཤམ་འོག་གི་ས་ཁུལ་དུ་ཆུ་རགས་བརྒྱབ་རྒྱུ་ནི་ད་ལྟ་འཆར་གཞིའི་ངོ་བོའི་ཐོག་གནས་ཡོད་ལུགས་དང་། ལས་འཆར་འདི་དག་ཚན་རིག་གི་རྒྱབ་རྟེན་ལྡན་པའི་ཐོག་ནས་ལག་བསྟར་བྱེད་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།
རྡ་རམ་ས་ལར་ཡོད་པའི་བོད་ཀྱི་སྲིད་ཇུས་ཉམས་ཞིག་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཨེ་ཤེ་ཡ་རང་དབར་རླུང་འཕྲིན་ཁང་ལ། རྒྱ་ནག་གི་ཆུ་ཤུགས་གློག་ཁང་གི་ལས་གཞི་དེས་ཡར་ཀླུང་གཙང་པོ་སོགས་བོད་ནས་འབྱུང་བའི་ཆུ་བོ་ཆེ་རྒྱུག་ཡུལ་དུ་ཆགས་པའི་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེ་དང་ཨ་སམ་མངའ་སྡེ་སོགས་ཀྱི་ནང་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་དང་། ཆུ་ཤུགས་གློག་ཁང་གི་ལས་གཞི་དེ་དག་ནི་གཙོ་བོ་རྒྱ་ནག་གཞུང་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ད་དུང་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། རྒྱ་ནག་གིས་ཆུ་རགས་དེས་ཕན་ཐོགས་འབྱུང་ཚུལ་བརྗོད་བཞིན་པ་ནི་རྫུན་གཏམ་ཡིན་པ་གསུངས་ཤིང་། ཁོང་གིས་ཆུ་རགས་ཆེན་པོའི་རིགས་རྒྱབ་པ་ཡིན་ན། ཆུ་རགས་རྒྱག་ཡུལ་གྱི་ས་གནས་མི་མང་ཙམ་དུ་མ་ཟད། སྣོད་བཅུད་ཁོར་ཡུག་ཡོངས་ལ་གནོད་སྐྱོན་ཚབས་ཆེན་འགྲོ་ཉེན་ཡོད་པ་དེང་གི་ཚན་རིག་པ་ཚོ་གཙོས་པའི་འཛམ་གླིང་གང་སར་ཡོངས་གྲགས་སུ་འགྲེལ་བརྗོད་དང་གླེང་སློང་བྱེད་ཀྱི་ཡོད་པ་གསུངས་ཡོད་པ་རེད།
ལྷག་པར་དུ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོ་རྒྱུག་ཡུལ་བོད་ཀོང་པོ་ས་ཁུལ་ཁག་ཏུ་དེང་སྐབས་རི་ལིའི་ལྕགས་ལམ་གསར་བཟོ་དང་། གཞུང་ལམ་རྒྱ་ཆེ་རུ་གཏོང་བཞིན་པ། དེ་བཞིན་གནམ་ཐང་གསར་རྒྱག་དང་། ཆུ་རགས་མང་པོ་ཞིག་གསར་སྐྲུན་བྱེད་བཞིན་ཡོད་པ་དེའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ནི་འབྱུང་འགྱུར་རྒྱ་རིགས་འཕོན་ཆེན་པོ་ཞིག་བོད་ཀོང་པོ་ས་ཁུལ་དུ་གནས་སྤོས་བྱ་རྒྱུའི་ལས་གཞི་ཞིག་ཡིན་པ་སྔོན་དཔག་ཐུབ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ཡར་ཀླུང་གཙང་པོའི་རིང་ཚད་ནི་སྤྱི་ལེ་༢༨༠༠ལྷག་ཡོད་ཅིང་། ཆུ་བོ་དེ་བོད་ནས་རྒྱུག་སྟེ་རྒྱ་གར་དུ་བཞུར་ཏེ་མཐར་བྷང་ག་ལའི་མཚོའི་ནང་འདྲེས་ཀྱི་ཡོད་པ་རེད། སྤྱིར་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་ཐོག་ཏུ་ཆུ་རགས་འཛུགས་སྐྲུན་གྱི་ལས་གཞི་དེ་ནི་གསར་པ་གང་ཡང་མིན་པར་དེ་སྔ་ནས་རྫམ་ཆུ་ཤུགས་གློག་ཁང་དང་། རྒྱ་ཚ་ཆུ་རགས་སོགས་གསར་རྒྱག་ཟིན་ཡོད་ལ། དེ་བཞིན་གླེང་མདའ་ཆུ་རགས་ཞེས་པ་ཞིག་ད་དུང་མུ་མཐུད་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།