བོད་ཀྱི་མངའ་རིས་ཁུལ་དུ་རྒྱ་ནག་དམར་ཤོག་གཞུང་གིས་དམག་མི་གསར་པ་༧༠༠མངགས་གཏོང་བྱས་འདུག

2021.03.17
བོད་ཀྱི་མངའ་རིས་ཁུལ་དུ་རྒྱ་ནག་དམར་ཤོག་གཞུང་གིས་དམག་མི་གསར་པ་༧༠༠མངགས་གཏོང་བྱས་འདུག རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་སུ་དམག་མི་གསར་པ་༧༠༠མངགས་གཏོང་བྱས་སྐབས། ༣།༢༠༢༡
དྲ་བཤུས། རྒྱ་ནག་གཞུང་འབྲེལ་གྱི་དམག་དོན་བརྒྱུད་ལམ།

བོད་ཀྱི་མཐའ་མཚམས་ཁུལ་དུ་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་གི་གནས་ཚུལ་རིམ་པ་ཐོན་བཞིན་པའི་སྐབས་འདིར་རྒྱ་ནག་དམར་ཤོག་གཞུང་གིས་བོད་མངའ་རིས་ཁུལ་དུ་དམག་མི་གསར་པ་༧༠༠ལྷག་ཙམ་ལ་སྦྱོང་བརྡར་སྤྲད་དེ་ས་མཚམས་སུ་བཏང་ཡོད་འདུག
རྒྱ་ནག་གཞུང་གིས་བོད་དང་རྒྱ་གར་གྱི་ས་མཚམས་ཁུལ་དུ་དམག་མིའི་གྲངས་འབོར་མང་དུ་བཏང་པ་དང་། དམག་སྦྱོང་གི་རིམ་པ་མང་དུ་བཏང་ནས་དམག་ཤུགས་ཀྱི་མི་ནུས་དང་མཚོན་ཆ་ངོམ་སྟོན་སོགས་བྱས་ནས་འཇིགས་སྐུལ་གྱི་རྣམ་པ་འདྲ་མིན་སྟོན་བཞིན་ཡོད་པའི་གནས་ཚུལ་བསྟུད་མར་ཐོན་བཞིན་ཡོད་ཅིང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གྱི་དམག་དོན་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བ་ལས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ་༣ཚེས་༡༥ནས་༡༩བར་ཉིན་ལྔའི་རིང་བོད་ལྗོངས་སྐྱོང་ཟེར་བའི་ཁོངས་སུ་ཡོད་པའི་མངའ་རིས་ཡན་ལག་དམག་ཁུལ་ཁང་གི་དམག་མི་གསར་པ་༧༠༠ལྷག་ཙམ་གྱིས་དུས་ཡུན་ལོ་ཕྱེད་ཀྱི་སྦྱོང་བརྡར་མཇུག་བསྒྲིལ་ནས་དམངས་སྤྱོད་མཁའ་འགྲུལ་གྱི་གནམ་གྲུ་བརྒྱུད་སྔ་རྗེས་སུ་མངའ་རིས་ས་མཐོར་བསྐྱོད་ཡོད་པ་བཀོད་འདུག
བོད་ཀྱི་མཐའ་མཚམས་ཁུལ་ལ་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ཇེ་ཆེར་སོང་སྟེ། ཕན་ཚུན་གདོང་ཐུག་གི་གནས་ཚུལ་བྱུང་རྗེས་རྒྱ་ནག་གཞུང་གིས་བོད་ཀྱི་ས་མཚམས་ཁུལ་དང་ཤིན་ཅང་གི་ས་མཚམས་ཁུལ་གྱི་དམག་མིར་དམིགས་བསལ་གྱིས་གླ་ཕོགས་སྤར་བའི་གནས་ཚུལ་ཡང་ཐོན་ཡོད་པ་རེད། ད་རེས་དམག་མི་གསར་པ་༧༠༠ཡོད་པའི་ཁོངས་སུ་ཡུན་ནན་དང་མཚོ་སྔོན། ཤིན་ཅང་། ཀོང་ཀྲའོ། ཉིང་ཤཱ། ཧེའེ་ནན་སོགས་ས་གནས་ནས་ཡོད་འདུག
དམག་སྦྱོང་དང་འབྲེལ་བའི་བརྙན་པར་ཞིག་རྒྱ་ནག་གཞུང་འབྲེལ་གྱིས་བཏོན་པ་དེའི་ནང་དམག་མི་ཁག་གཅིག་གིས་རང་ཉིད་ཡོང་སའི་ས་ཁུལ་གྱི་མིང་བརྗོད་ཀྱི་འདུག་ཀྱང་། བོད་པའི་མིང་བརྗོད་མཁན་མི་འདུག་ལ། གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་ན། སྤྱིར་རྒྱ་ནག་གི་དམག་དཔུང་ས་གནས་ཁག་ཏུ་མངགས་གཏོང་བྱས་པའི་བརྒྱུད་རིམ་ནང་། ས་གནས་རང་གི་མི་ས་གནས་དེར་མ་བཞག་པ་དཔེར་ན། བོད་ནས་བསྡུས་པའི་བོད་པའི་དམག་མི་རྒྱ་ནག་ལ་མངགས་གཏོང་བྱེད་པ་སོགས་བྱེད་ཀྱི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎