རྒྱ་ནག་གིས་རྒྱ་གར་ལ་ཁ་གཏད་ཆེད་བོད་ནང་གོ་མཚོན་རྒྱ་བསྐྱེད་གཏོང་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་མཐའ་མཚམས་སྲུང་སྐྱོབ་ལ་དམིགས་ཏེ་བོད་ནང་མུ་མཐུད་དུ་དེང་རབས་ཅན་གྱི་གོ་མཚོན་རྒྱ་བསྐྱེད་གཏོང་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་རྒྱ་གར་ལ་ཁ་གཏད་གཅོག་ཆེད་རྒྱ་གར་དང་ས་འབྲེལ་ཆགས་པའི་བོད་ཀྱི་ས་ཁུལ་དུ། དམག་གི་རླངས་འཁོར་མི་འདྲ་ཁག་ཅིག་འོར་འདྲེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་པ་མ་ཟད། ཐེངས་འདིར་འོར་འདྲེན་བྱས་པའི་དམག་གི་རླངས་འཁོར་དེ་དག་བརྒྱུད་འབྲེལ་ཡོད་ས་ཁུལ་ཁག་ཏུ་དམག་དཔུང་འགྲེམས་འཇོག་བྱེད་རྒྱུའི་ཐད་ཁེ་ཕན་ཆེ་ཞིང་། མྱུར་པོ་ཡང་ཡོད་པ་རྒྱ་ནག་རྒྱལ་སྲུང་དང་འཕྲུལ་རིག་དུས་དེབ་ཟེར་བས་གནས་ཚུལ་སྤེལ་འདུག དེའི་ཐད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཁང་གི་གཙོ་འཛིན་སྐུ་ཞབས་(Jayadeva Ranade)ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་ལྟའི་ཆར་སྤྱི་ལེ་༤༠༥༧ཙམ་ཡོད་པའི་མཐའ་མཚམས་ས་ཐིག་(Line of Actual Control)ཁུལ་དུ་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་དམག་དཔུང་ཁག་ཕྱིར་འཐེན་བྱས་མེད་པར་མཐའ་མཚམས་ཁུལ་དུ་ཡོད་པ་དང་། ངས་གོ་ཐོས་ལ། རྒྱ་ནག་གི་ཕྱོགས་ནས་མུ་མཐུད་དུ་ད་ཡོད་མཐའ་མཚམས་དམག་དཔུང་ཐོག་ཁ་སྣོན་བྱེད་བཞིན་ཡོད་འདུག་པ་མ་ཟད། བོད་མཐོ་སྒང་ལ་གཞིགས་པའི་དམག་དོན་རླངས་འཁོར་དང་གོ་མཚོན་སོགས་མང་པོ་ཞིག་འོར་འདྲེན་བྱས་ཚར་ཡོད་པ་དེ་དག་ད་ལྟའི་ཆར་ཕྱིར་འཐེན་བྱེད་ཀྱི་མ་རེད་ལ། རྒྱ་གར་ཕྱོགས་ནས་ཀྱང་དེ་དེ་བཞིན་གྱི་གྲ་སྒྲིག་དགོས་གལ་ཆེ་བ་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ཁོང་གིས་མུ་མཐུད་དུ་གསུང་ན། དངོས་འབྲེལ་བྱས་ན། ད་ཡོད་ས་མཚམས་དེ་ནི་དེ་སྔ་འཕགས་བོད་གཉིས་ཀྱི་ས་མཚམས་ཡིན་པ་དང་། ཕྱིས་སུ་རྒྱ་ནག་གིས་བོད་བཙན་བཟུང་བྱས་ཏེ་ད་ལྟའི་ཆར་མི་མང་པོ་ཞིག་གིས་རྒྱ་ནག་དང་རྒྱ་གར་གྱི་ས་མཚམས་ཞེས་འབོད་ཀྱི་ཡོད་ཀྱང། རྒྱ་གར་དང་རྒྱ་ནག་གཉིས་བར་ས་མཚམས་དང་འབྲེལ་བའི་རྩོད་རྙོག་ཇི་འདྲ་བྱུང་རུང་བོད་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པ་མ་ཟད། གོང་ཞུས་རྒྱལ་ཁབ་གཉིས་བར་དམག་འཁྲུག་བྱུང་བ་ཡིན་ན། བོད་དེ་དམག་ས་ཞིག་ཏུ་གྱུར་ངེས་ཡིན། བོད་དེ་དམག་བྱུས་ཀྱི་ཐོག་ནས་རྒྱ་ནག་ལ་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་ལ། རྒྱ་གར་ནང་རྒྱུག་བཞིན་པའི་ཆུ་ཆེན་ཁག་གི་ཆུ་འགོ་ནི་བོད་ནས་ཡིན་པ་མ་ཟད། རྒྱ་ནག་གི་གཏེར་རྫས་མང་པོ་ཞིག་གི་འབྱུང་ཁུངས་ཀྱང་བོད་ཡིན། ལྷག་པར་དུ་རྒྱ་ནག་གི་ཕྱོགས་ནས་ཤིན་ཅང་དང་། པཱ་ཀི་སི་ཐན་སོགས་དང་འབྲེལ་ལམ་ཚུགས་པར་ས་བབ་ཀྱི་ཆ་ནས་བོད་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་པ་རེད། རྒྱ་གར་ནི་བོད་དང་རིག་གཞུང་གི་ཆ་ནས་འབྲེལ་བ་ཧ་ཅང་གི་ཟབ་མོ་ཡོད་པ་འགྲེལ་བརྗོད་གནང་སོང་།
གཞི་རྩའི་ཉིན་ཤས་སྔོན་ལ་དྭགས་སྤང་གོང་མཚོའི་ལྷོ་བྱང་ཁུལ་ནས། རྒྱ་གར་དང་རྒྱ་ནག་གི་མཐའ་མཚམས་དམག་དཔུང་རྣམས་ཕྱོགས་གཉིས་ཀ་ནས་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་བྱུང་ཡོད་པ་དེ་ནི་ས་ཁུལ་ཆུང་ངུ་ཞིག་ཡིན་པ་ལས། དེ་མིན་སྤྱི་ལེ་༤༠༥༧ཙམ་ཡོད་པའི་མཐའ་མཚམས་ས་ཐིག་(Line of Actual Control)ཁུལ་དུ་ཕྱོགས་གཉིས་ཀྱི་དམག་དཔུང་མུ་མཐུད་གནས་མུས་ཡིན་པ་རེད།
སྐུ་ཞབས་(Jayadeva Ranade)ལགས་ཀྱིས། དེ་སྔ་རྒྱ་གར་དབུས་གཞུང་གི་ཕྱི་སྲིད་དྲུང་འཕར་གྱི་ཕྱག་ལས་གནང་མྱོང་པ་དང་། ད་ལྟའི་ཆར་རྒྱ་གར་གཞུང་གི་རྒྱལ་སྲུང་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་དང་། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཁང་གི་གཙོ་འཛིན་ཡང་ཡིན་པ་རེད།