བོན་གྱི་དགེ་བཤེས་བདུན་བསླབ་པ་མཐར་སོན་པ།
2012.03.11
༄༅༎རྒྱ་གར་ཕྱོགས་ཧི་མ་ཅཱལ་མངའ་ཁུལ་ སོ་ལན་(Solan) བོད་པོའི་གཞིས་ཆགས་ཀྱིས་གཡུང་དྲུང་བོད་དགོན་སྨན་རིའི་གླིང་དུ་ཕྱི་ཟླ་གསུམ་པའི་ཚེས་དགུ་ཉིན་སྐབས་བཅུ་དྲུག་པའི་དགེ་བཤེས་དམ་བཅའ་ཆེན་མོའི་མཛད་སྒོའི་ཐོག་ གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་སྤྱི་དང་ཐུན་མོང་བཅུ་ཕྲག་རིག་པའི་གནས་ཀུན་ལ་བསླབ་པ་མཐར་སོན་པའི་རབ་འབྱམས་པ་བདུན་གྱིས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་བཤད་སྡེའི་མཁན་སློབ་རྣམ་གཉིས། དགེ་འདུན་འདུས་པ་མང་ཚོགས་དབུས་སུ་སྔོན་འགྲོ་མདོ་སྔགས་སེམས་གསུམ་གྱི་གཞུང་བཤད་དང་། དངོས་གཞིའི་ངག་རྒྱུགས་དང་རྩོད་རྒྱུགས་དམ་བཅའ་ཕུལ་གནང་འདུག། མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་གཙོས་པས་ཁྲིམས་ཞིབ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་ལགས་དང་། གཡུང་དྲུང་བོན་གྱི་སྤྱི་འཐུས་གཉིས་དང་སྤྱི་ཟུར་སྨན་པ་ཐོགས་མེད་ལགས། བོན་གཞིས་ས་འཐུས་ཚོགས་གཙོ་དང་། ས་གནས་མགོ་འཛིན། རང་བདེན་ཚོགས་གཙོ། ཚོགས་སྡེ་ཁག་གི་སྐུ་ཚབ་དང་སྦྱིན་བདག་རྣམ་པ་བཅས་ཕེབས་ཡོད་འདུག།