འཛེམ་ཟོལ་མེད་པའི་བསམ་འཆར།
2013.06.22

༄༅༎རྒྱལ་སྤྱིའི་ནང་གྲགས་ཆེ་བའི་དཔལ་འབྱོར་དུས་བབས་ཏེ་ Economist ཟེར་བའི་ནང་། ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་གུང་གྲན་གྱི་ལྟ་བ་སློབ་སྦྱོང་བྱ་སའི་ལྟེ་གནས་གལ་ཆེ་ཞིག་གི་ཆོས་ལུགས་དང་མི་རིགས་གནད་དོན་སྡེ་ཚན་གྱི་འགན་འཛིན་མཁས་དབང་ལྕམ་ཇིན་བཡེ་ཡིས་བོད་ཀྱི་གནད་དོན་ཐད། རྒྱ་ནག་གཞུང་ཕྱོགས་ནས་གསར་གཏོད་རང་བཞིན་ལྡན་པའི་སྲིད་བྱུས་གསར་པ་ལག་བསྟར་བྱེད་དགོས་པ་གསུངས་པ་དེ་ནི། བོད་ཀྱི་གནད་དོན་ཉམས་ཞིབ་པ་ཚོས་དོ་སྣང་ཆེན་པོ་བྱ་ཡུལ་ཆགས་ཡོད་པའི་སྐོར་གྱི་དཔྱད་གཏམ་ཞིག་སྤེལ་འདུག།
རྒྱ་ནག་གཞུང་འབྲེལ་ཆབ་སྲིད་ཀྱི་བསྟི་གནས་ཁང་དེའི་ནང་གི་མཁས་དབང་ལྕམ་ ཇིན་ཝཡེཡིས་བཀའ་མོལ་དེ། ཧོང་ཀོང་ནས་ཐོན་པའི་ Asia Week ཞེས་པའི་དུས་དེབ་གསར་ལས་ཁང་གིས་བཀའ་འདྲི་ཞུས་པའི་སྐབས་ལན་འདེབས་གནང་བ་ཞིག་ཡིན་ཡང་། གནད་དོན་དབྱེ་ཞིབ་པ་ཚོས་དེ་ཕྱོགས་གཉིས་ནས་གལ་འགངས་ཆེན་པོར་ངོས་འཛིན་བྱེད་བཞིན་ཡོད་འདུག། དང་པོ་ནི་ཁོང་ལ་རྒྱ་ནག་འགོ་འཁྲིད་ཚོའི་ཁྲོད་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་ཞིག་མེད་ཚེ་སྐད་ཆ་དེ་རིགས་ཤོད་ཐབས་བྲལ་བ་ཞིག་ཡིན་པ་དང་། གཉིས་པ་དེ་ཆེེས་ཡོངས་གྲགས་ཀྱི་ཐོག་ནས་གསུངས་པ་དེ་གཉིས་ཡིན་པ་རེད།
Economist དུས་དེབ་གྱི་རྩོམ་བྲིས་པ་ སའི་མན་ ལོང་ གིས་ཇིན་ཝཡེསི་གྱིས་སྐད་ཆ་དེ་མཁས་དབང་སྒེར་གྱི་བསམ་ཚུལ་གྱི་ངོ་བོའི་ཐོག་ནས་གསུངས་པ་ཞིག་ལས། རྒྱ་ནག་གཞུང་གི་གཏམ་བཤད་ཡིན་པ་ཞིག་ཏུ་ངོས་འཛིན་བྱེད་ན་མི་འགྲིག་པ་གསུངས་ཤིང་། ཁོང་གིས་ཇིན་ ཝཡེ་ཡིས་གཙོ་བོ་གསུངས་དོན་ནི། བོད་ཀྱི་ཆོས་དང་རིག་གཞུང་ལ་སོགས་པ་བོད་པ་དང་འབྲེལ་བ་ཡོད་པའི་ཆོས་ཤིག་ཡིན་ཕྱིན་ཆད་ཁ་བྲལ་བཟོ་མཁན་ཞིག་ཡིན་པའི་ལྟ་ཚུལ་དེ་དོར་དགོས་པ་དང། བོད་པའི་ཆོས་དང་རིག་གཞུང་དང་བོད་པའི་སྲིད་ཀྱི་གནད་དོན་ལོགས་སུ་ཕྱེ་དགོས་པའི་བསམ་ཚུལ་བཏོན་ཡོད་ལ་། དེ་བཞིན་ ཇིན་ཝཡེ་ཡིས་བོད་ཀྱི་གནད་དོན་ཐད་ཏཱ་ལའི་བླ་མ་མཆོག་དང་དོན་ཕན་ལྡན་པའི་གྲོས་མོལ་ཞུ་དགོས་པའམ་ཡང་ན་སླར་ཡང་འགོ་འཛུགས་ཞུ་དགོས་པ། དེ་བཞིན་སྲིད་བྱུས་རིམ་པས་འགྱུར་བ་བཏང་སྟེ་ཏཱ་ལའི་བླ་མ་མཆོག་ཐོག་ནས་རྒྱ་ནག་གི་རང་སྐྱོང་ཆེན་པོ་ཡོད་ས་ཧོང་ཀོང་དང་མཀའོ་སོགས་སུ་ཕེབས་ཆོག་པའི་ཆོག་ཆན་ཕུལ་ཏེ་རིམ་པས་རྒྱ་ནག་ཏུ་ཕེབས་ཐུབ་པ་བཟོ་དགོས་པ་སོགས་ཡིན་པ་གསུངས་འདུག།