ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕེན་གཉིས། ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་ལམ་ཡར་རྒྱས་སྲ་བརྟན་ཆེད་ཐུག་འཕྲད་གནང་ཡོད་པ།

2023.06.19
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕེན་གཉིས། ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་ལམ་ཡར་རྒྱས་སྲ་བརྟན་ཆེད་ཐུག་འཕྲད་གནང་ཡོད་པ། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕེན་རྣམ་གཉིས། ༢༠༢༣།༠༦།༡༩ ཉིན།
AFP

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་སྦེ་ལན་ཁེན་Antony་Blinkenལགས་ནས་སྤྱི་ཟླ་༦པའི་ཚེས་༡༩ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕེན་དང་ཐུག་འཕྲད་གནང་སྟེ། རྒྱ་ནག་སྲིད་འཛིན་གྱིས་“ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཕྱིན་པ་དང་གནད་དོན་བྱེ་བྲག་པ་ཁག་ཅིག་གི་ཐོག་གཉིས་མོས་བྱུང་བ་ཧ་ཅང་ཡག་པོ་དང་། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་རྒྱུན་མཐུད་བརྟན་བརླིང་ཡོང་བར་དོན་ཕན་ལྡན་པའི་ཞབས་འདེགས་གནང་རེ་ཡོད་”ཅེས། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལ་བཤད་ཡོད་ཅིང་། རྩ་བའི་ཨ་མི་རི་དང་རྒྱ་ནག་བར་གྱི་ད་ལྟའི་འབྲེལ་བ་ནི། སྤྱི་ལོ་༡༩༧༠དོན་གྲངས་ནང་ཕྱི་འབྲེལ་བཙུགས་པ་ནས་བཟུང་འབྲེལ་ལམ་ཆེས་སྡུག་ཤོས་ཤིག་ཆགས་ཡོད་ནའང་། རྒྱ་གར་གྱི་སྲིད་དོན་དབྱེ་ཞིབ་པ་Aadil Brarལགས་ནས། རྒྱ་ནག་གི་སྲིད་འཛིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལ་ཐུག་པ་ནི། བཟང་ཕྱོགས་ཀྱི་འགྱུར་བ་སོང་བ་མཚོན་གྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག ཁོང་གིས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕེན་དང་ཐུག་འཕྲད་བྱས་པ་དེས། རྒྱ་ནག་གི་ཕྱོགས་ནས་འབྲེལ་ལམ་བཟང་ཕྱོགས་སུ་འཛིན་འདོད་ཡོད་པ་གསལ་བོ་མཚོན་ཐུབ་པའི་བརྡ་ལན་ཞིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག

ཡང་སྤྱི་ཚེས་༡༨ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་Qin་Gangཆིང་ཀང་དང་ཐུག་འཕྲད་གནང་སྟེ། ཐེ་ཝན་གྱི་གནད་དོན་དང་ཨ་རི་དང་རྒྱ་ནག་གི་ཚོང་འབྲེལ། ཕྱོགས་གཉིས་བར་འབྱུང་འགྱུར་མུ་མཐུད་གྲོས་མོལ་གནང་རྒྱུ་སོགས་ཀྱི་ཐོག ཕྱོགས་གཉི་གས་ཕན་ཚུན་སྦས་གསང་མེད་པར་ཁ་རུུ་ཁ་ཐུག་དང་དོན་ཕན་ལྡན་པའི་གྲོས་མོལ་བྱུང་ཡོད་པ་གསལ་སྟོན་བྱས་ཡོད་པ་དང་མཚུངས། རིང་མིན་སྤྱི་ཟླ་༦པའི་ཚེས་༢༡ཉིན་རྒྱ་གར་སྲིད་བློན་ནཱརེནྡྲཱི་མོ་ཏི་མཆོག་ནས་ཀྱང་ཨ་མི་རི་ཀའི་ནང་འཚམས་གཟིགས་གནང་གཏན་ཁེལ་ཡོད་པས། རྒྱ་གར་རྒྱལ་ས་ལྡི་ལིའི་ནང་གི་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཁང་གི་གཙོ་འཛིན་ཇཱ་ཡ་དེ་བ་རཱ་ནཱ་དིན་ལགས་ནས། ཨ་མི་རི་ཀ་དང་རྒྱ་ནག་གི་བར་འབྲེལ་གཏུག་བྱུང་བ་ལ་ལྟོས་མི་དགོས་པར། རྒྱ་གར་དང་ཨ་མི་རི་ཀའི་འབྲེལ་བ་ནི་རང་སྐྱ་འཕེར་བ་ཞིག་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག ད་ལན་གྱི་མཇལ་འཕྲད་དང་དོན་ཕན་ལྡན་པའི་གྲོས་མོལ་འདི་ལ་བརྟེན་ནས། ཨ་མི་རི་ཀས་རྒྱ་ནག་གི་འདོད་པ་ཁག་ཅིག་ཡོད་པ་བསྐོང་གི་ཡོད་མེད་བལྟ་རྒྱུ་དང་། རྒྱ་ནག་གི་དབྱེ་ཞིབ་པ་མང་པོ་ཞིག་གིས་གྲོས་མོལ་འདི་མགོ་སྐོར་གྱི་གཡོ་བྱུས་ལ་བརྩི་མཁན་ཀྱང་མང་པོ་རེད། ཡིན་ནའང་།རྒྱ་གར་དང་ཨ་མི་རི་ཀའི་འབྲེལ་ལམ་ནི་རྒྱ་ནག་དང་ཨ་རིའི་བར་གྱི་འགྱུར་བ་འདི་ལ་ལྟོས་མི་དགོས་པར་རང་སྐྱ་འཕེར་བའི་གནད་དོན་ཞིག་ཡིན་པ་དང་། མུ་མཐུད་ཨ་རི་དང་རྒྱ་གར་བར་འབྲེལ་བ་ཇེ་ཟབ་ཏུ་འགྲོ་ཡི་རེད། འོན་ཀྱང་། རྒྱ་ནག་དང་ཨ་མི་རི་ཀའི་བར་གྱི་འབྲེལ་ལམ་དེ་ང་ཚོས་ཏན་ཏན་ཡིད་གཟབ་བྱ་དགོས་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་སོང་། གཞན་ཡང་རྒྱ་གར་གྱི་རྒྱ་ནག་ཉམས་ཞིབ་པ་ཨ་ལྡིལ་བྷུ་རར་Aadil Brarལགས་ནས་ཀྱང་།

ཨ་མི་རི་ཀས་རྒྱ་གར་ལ་འབྲེལ་བ་འཛིན་པ་ནི་ཕུགས་རྒྱང་པོའི་སྲིད་ཇུས་ཤིག་དང་། རྒྱ་ནག་དང་འབྲེལ་ལམ་ནི་འཕྲལ་དུ་གདོང་ཐུག་མི་འབྱུང་བར་དམིགས་པར་མཐོང་གི་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

རྩ་བའི་ཨ་མི་རི་ཀས་བདེ་འཇགས་ཆེད་རྒྱ་གར་གྱི་སྟོབས་ཤུགས་གྲོགས་སུ་བསྟེན་ནས་རྒྱ་ནག་ལ་གདོང་ལེན་བྱེད་པ་ནི་ཐབས་ཇུས་ཤིག་ཡིན་ནའང་། དེ་ཙམ་གྱིས་ཨ་རིས་རྒྱ་ནག་དགྲར་འཛིན་གྱིས་འབྲེལ་ལམ་གཙང་གཅོད་བྱེད་པར་མཐོང་གི་མེད་པ་མ་ཟད། ཕྱོགས་གཉི་གར་རྙོག་ཟིང་ལངས་འདོད་པ་མེད་པ་ནི་གཟིགས་སྐོར་གྲོས་མོལ་འདིའི་ཐོག་ནས་གསལ་བོར་མངོན་ཐུབ་པ་དང་ཆབས་ཅིག ཨ་མི་རི་ཀས་རྒྱ་གར་ལ་འབྲེལ་བ་འཛིན་པ་ནི་ཕུགས་རྒྱང་པོའི་སྲིད་ཇུས་ཤིག་དང་། རྒྱ་ནག་དང་འབྲེལ་ལམ་ནི་འཕྲལ་དུ་གདོང་ཐུག་མི་འབྱུང་བར་དམིགས་པར་མཐོང་གི་ཡོད་ཅེས་འགྲེལ་བརྗོད་གནང་སོང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ཐུུག་འཕྲད་སྐབས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་“ཕན་ཚུན་གོ་ནོར་ཐེབས་པ་དང་། རྩིས་ལོག་ཐེབས་པའི་དཀའ་ངལ་ཉུང་དུ་གཏོང་དགོས་པ་གལ་གནད་རེད་”ཅེས་གསུང་ཡོད་ཅིང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིང་ཀང་གིས་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་ལམ་ནང་ཐེ་ཝན་གྱི་གནད་དོན་ནི་རྒྱ་ནག་གི་རྩ་དོན་གྱི་སྙིང་པོ་ཡིན་པ་དང་། གཏན་འཇགས་ཀྱི་དཀའ་ངལ་ཐུག་ས་གཙོ་བོའང་དེ་རེད་ཅེས་གསལ་སྟོན་བྱས་ཡོད་པ་རེད། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་སྦི་ལན་ཁེན་མཆོག་ནས་རྒྱ་ནག་ནང་གཟིགས་སྐོར་གནང་བ་འདི། འདས་པའི་ལོ་ལྔའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཞིག་གིས་རྒྱ་ནག་ཏུ་འཚམས་གཟིགས་གནང་བ་དང་པོ་དེ་ཆགས་ཡོད་པ་དང་། སྤྱིར་བཏང་དེ་སྔོན་ཙམ་ནས་འཚམས་གཟིགས་ཀྱི་འཆར་གཞི་ཡོད་ནའང་། ཨ་རིའི་མཁའ་དབྱིངས་སུ་རྒྱ་ནག་གི་སོ་མྱུལ་ལྒང་ཕུག་བཏང་སྟེ་འཚམས་གཟིགས་གནས་སྐབས་ངང་འཐེན་བྱ་དགོས་སུ་གྱུར་པའང་བྱུང་ཡོད་པ་རེད།

གསར་འགོད་པ། བློ་བྷེ། 
རྩོམ་སྒྲིག་པ།  བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎