རྒྱ་ནག་དང་ཨ་རི་ཡུལ་གཉིས་དབར་ཚོང་འབྲེལ་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་བྱེད་བཞིན་པ།
དེ་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཐོ་ནི་བྷེ་ལན་ཀིན་མཆོག་དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་ཁྲོམ་རྭའི་བསྟི་གནས་ཆེ་ཤོས་གྲོང་ཁྱེར་ཧྲང་ཧེ་ལ་རྒྱལ་དོན་འཚམས་གཟིགས་ཕེབས་འབྱོར་གྱིས་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཕྱོགས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ Chen Jining དང་མཇལ་འཕྲད་གནང་འདུག་ཅིང་། མཇལ་འཕྲད་སྐབས་ཕྱི་སྲིད་དྲུང་ཆེ་བྷེ་ལན་ཀན་མཆོག་གིས་རྒྱ་ནག་ནང་ཡོད་པའི་ཨ་རིའི་ཚོང་དོན་ཚན་པ་ཚོར་ཁྲོམ་རྭའི་སྒྲིག་གཞི་དང་མཐུན་པའི་ཐོག་ནས་ཆ་སྙོམ་གྱི་ཐོབ་ཐང་དང་། གོ་སྐབས་སྤྲོད་དགོས་ལུགས་ནན་བརྗོད་གནང་ཡོད་པའི་སྐོར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Mathew Miller ཡིས་འགྲེལ་བརྗོད་གནང་ཡོད་འདུག འོན་ཀྱང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝིན་བྷིན་ཡིས་ཆར་ཅན་གསར་འགོད་ལྷན་ཚོགས་ཐོག་གོང་ཞུས་མཇལ་འཕྲད་དང་འབྲེལ་བའི་གནད་དོན་ཐད། རྒྱ་ནག་གི་ཕྱོགས་ནས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་སྒྲིག་གཞི་དང་མ་འགལ་བའི་ཐོག་ནས་ཚོང་ལས་གཉེར་རྒྱུ་དང་དེ་བཞིན་ཁྲོམ་རྭའི་འགྲོ་རྒྱུགས་ལ་བཏང་འཛིན་བྱེད་རྒྱུའི་འདྲ་མཉམ་གྱི་མཐུན་རྐྱེན་སྐྲུན་གྱི་ཡོད་ལ་ཨ་མི་རི་ཀའི་ངོས་ནས་ཀྱང་དེ་ལྟར་ལག་བསྟར་བྱས་པའི་ཐོག་རྒྱ་ནག་དང་ཨ་རི་ཡུལ་གཉིས་དབར་ཚོང་འབྲེལ་གྱི་འབྲེལ་ལམ་ཡག་པོ་ཡོང་ཐབས་བྱེད་རྒྱུའི་རེ་བ་བཅངས་ཀྱི་ཡོད་ཅེས་གསལ་བཤད་བྱས་ཡོད་པ་རེད།
ཡང་གོང་ཞུས་གནས་ཚུལ་ནང་མུ་མཐུད་ནས་བཀོད་པར་ལྟར་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་དེ་རིང་གྲོང་ཁྱེར་ཧྲང་ཧེ་ནང་ཚོང་དོན་ཚན་པའི་འབྲེལ་ཡོད་མི་སྣ་ཁག་ཅིག་དང་དེ་བཞིན་ཁུལ་དེར་ཡོད་པའི་ཨ་རིའི་སློབ་ཕྲུག་ཁག་ཅིག་ལ་མཇལ་འཕྲད་གནང་ཡོད་འདུག་ལ། སང་ཉིན་གཟའ་པ་སངས་ཉིན་རྒྱལ་ས་པེ་ཅིང་ལ་ཕེབས་ཏེ་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་རྒྱུ་མ་ཟད། སྲིད་འཛིན་ཞི་ཅིན་པིང་ལ་ཡང་མཇལ་འཕྲད་གནང་སྲིད་པ་རེད་ཅེས་བཀོད་འདུག
ལྷག་པར་དུ་ད་རེས་མཇལ་འཕྲད་སྐབས་ཨ་རིའི་ངོས་ནས་རྒྱ་ནག་གིས་ར་ཤེ་ཡའི་མཉམ་འབྲེལ་ལམ་བྱེད་ཕྱོགས་ཐོག་ཐུགས་འཚབ་ཡོད་པའི་སྐོར་ཡང་གླེང་སློང་གནང་འཆར་ཡོད་འདུག
འོན་ཀྱང་ཕྱོགས་གཅིག་ནས་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ལ་འཚམས་གཟིགས་གནང་གི་ཡོད་པ་དང་ཕྱོགས་གཞན་ཞིག་ནས་ཨ་རིའི་སྲིད་འཛིན་མཆོག་ནས་ཨ་རིས་ཐེ་ཝན་ལ་དམག་དོན་དང་འབྲེལ་བའི་རོགས་དངུལ་འབོར་ཆེན་ཞིག་གནང་རྒྱུའི་ཁྲིམས་འཆར་ལ་མཚན་རྟགས་བཀོད་གནང་བ་དང་དེ་བཞིན་ཨ་རིའི་ཚོང་དོན་ཚན་པའི་ཁོངས་གཏོགས་ཊིག་ཊོག་གི་གནད་དོན་ཐད་ལའང་བཀག་སྡོམ་གནང་རྒྱུའི་ཁྲིམས་གཞིར་གཏན་འབེབས་གནང་བ་སོགས་ཀྱིས་ཡུལ་གཉིས་ཀྱི་འབྲེལ་བའི་ཁ་ཕྱོགས་ད་ལྟའང་བརྟན་ལྷིང་ཞིག་མེད་པའི་དཔྱད་ཞིབ་བྱེད་ཀྱི་ཡོད་ལུགས་བཀོད་འདུག།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།