ཁྲེང་ཀོང་ཁྲེའང་གིས་སྲིད་བློན་ལྦེན་ཅའ་བའོ་ལ་འབོད་སྐུལ།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སྐུ་ཞབས་ཁྲེང་ཀོང་ཁྲེའང་རང་ཁྱིམ་གྱི་བཟང་བཙོན་ནས་བྲོས་བྱོལ་རྗེས་ལྦེན་འབོད་སྐུལ་ཞུས་པ།

2012.04.27

༄༅༎མིག་གཉིས་ལོང་བ་ཡིན་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སྐུ་ཞབས་ཁྲེང་ཀོང་ཁྲེའང་གཟའ་ཉི་མའི་ཉིན་རང་ཁྱིམ་གྱི་བཟང་བཙོན་ནས་བྲོས་བྱོལ་དུ་ཕྱིན་པའི་རྗེས་ད་རེས་གཟའ་ཕུར་བུའི་ཉིན་དྲ་རྒྱ་བརྒྱུད་ནས་བརྙན་འཕྲིན་ཞིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང་རྒྱ་ནག་གི་སྲིད་བློན་ལྦེན་ཅའ་བའོ་ཡིས་ཁོང་ལ་རྡུང་རྡེག་ཕོག་པའི་གནས་སྟངས་སྐོར་ལ་ཐད་ཀར་ཞིབ་འཇུག་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག 
འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁྲེང་ཀོང་ཁྲེའང་་གིས་ཕྱིར་བསྒྲགས་བྱས་པའི་བརྙན་འཕྲིན་དེའི་ནང་རྒྱ་ནག་གི་སྲིད་བློན་དབུན་ཅའ་བའ་ལ་དགོས་འདུན་གསུམ་བཏོན་ཡོད་ཅིང་ དང་པོ་རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་ཡིས་ཁོང་གནས་སྡོད་བྱེད་སའི་ཧྲན་ཏུང་ལིན་ཅིན་ས་གནས་ཉེན་རྟོག་ལས་བྱེད་པས་ཁོང་དང་ཁོང་གི་བཟའ་ཟླར་རང་ཁྱིམ་དུ་ཉེས་རྡུང་མནར་གཅོད་ཚབས་ཆེ་བཏང་བའི་་གྱོད་དོན་ཐོག་བརྟག་དཔྱད་ཞིབ་འཇུག་གནང་དགོས་པ་དང་ དེ་བཞིན་ཉེས་རྡུང་མནར་གཅོད་གཏོང་དགོས་པའི་ཐག་གཅོད་བྱེད་མཁན་ཞིབ་རྩད་བྱས་ནས་ཁྲིམས་ལུགས་བཞིན་ཉེས་ཆད་གཏོང་དགོས་རྒྱུ་སོགས་དགོས་འདུན་བཏོན་ཡོད་འདུག གྲན་ཀོང་གྲང་གིས་ཉེན་རྟོག་པས་གང་བྱུང་མི་སེར་ལ་ཉེས་རྡུང་མནར་གཅོད་གཏོང་ཡས་དེས་ རྒྱ་ནག་གུང་ཁྲན་ཚོགས་པའི་ཕྱི་ཚུལ་གྱི་རྣམ་པར་ཤུགས་རྐྱེན་ངན་པ་བཟོས་ཡོད་པས་ གནད་དོན་དེའི་ཐོག་ངེས་པར་དུ་བརྟག་དཔྱད་གནང་དགོས་ལུགས་དང་ ལྷག་པར་དུ་རྒྱ་ནག་ནང་ལྐོག་ཟ་རུས་སུངས་ཀྱི་་གནད་དོན་ཚབས་ཆེ་ཡོད་པའི་ཐོག་ཞིབ་འཇུག་གནང་རྒྱུའི་འབོད་སྐུལ་གནང་ཡོད་པ་རེད་ གྲན་ཀོང་གྲང་ཁོང་རང་ཉིད་ཉིན་ཤས་གོང་རང་ཁྱིམ་དུ་བཟང་བཙོན་ནས་བྲོས་བྱོལ་དུ་སླེབས་ཏེ་ པེ་ཅིན་ནང་ཡིབ་ནས་བསྡད་ཡོད་ལུགས་དང་ ཡིན་ནའི་ཁོང་གི་བཟའ་ཟླ་དང་ཕྲུ་གུ་ཕ་མ་སྤུན་མཆེད་རྣམས་ད་དུང་ཡང་ལིན་ཅིན་ས་གནས་སུ་གནས་མུས་ཡིན་པར་བརྟེན་ ཁོང་ཚོའི་གནས་སྟངས་ཐོག་ཧ་ཅང་གི་སེམས་འཚབ་ཡོད་པ་བརྗོད་འདུག་ལ་ ད་དུང་ཁོང་གིས་རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་ལ་ཞུས་པའི་འབོད་སྐུལ་ནང་རྒྱ་ནག་ནང་ཉེན རྟོག་པས་ཁྲིམས་ལུགས་ལ་བརྩི་མེད་ཀྱིས་བརྟན་ལྷིང་ཞེས་པ་ཁ་ལ་འཁྱེར་ནས་ གང་བྱུང་གིས་མི་སེར་ཚོར་རྡུང་རྡེག་དང་ ཉེས་རྡུང་མནར་གཅོད་གཏོང་གི་ཡོད་པའི་བྱ་སྤྱོད་དེ་རིགས་ ས་གནས་དཔོན་རིགས་ཀྱིས་རང་ཉིད་ཀྱི་ཁེ་ཕན་ཆེད་བྱ་སྤྱོད་དེ་རིགས་སྤེལ་བ་ཞིག་ཡིན་ནམ་ཡང་ན་བྱ་སྤྱོད་དེ་རིགས་སྤེལ་རྒྱུར་རྒྱ་ནག་དབུས་གཞུང་གིས་བཀོད་ཁྱབ་བྱས་པ་ཞིག་ཡིན་ནམ་དེའི་ཐོག་བརྟག་དཔྱད་ནན་པོ་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གྲན་ཀོང་གྲང་གིས་རྒྱ་ནག་ཧྲན་ཏུང་ཁུལ་དུ་གཞུང་གིས་བེུད་ཀྱི་མཉལ་ནས་ཕྲུ་གུ་བཙན་དབང་གིས་བཏོན་གྱི་ཡོད་པའི་བྱ་སྤྱོད་ཧ་ཅང་གི་སྡུག་པོ་ཞིག་སྤེལ་བཞིན་པའི་གནས་སྟངས་ཐོག་བེུད་དེ་ཚོར་ཁྲིམས་ཐོག་ནས་རང་ཉིད་ཀྱི་ཐོབ་ཐང་རྩོད་ལེན་བྱ་རྒྱུར་རོགས་པ་བྱས་པ་སོགས་ཀྱིས་ཁོང་ཉིས་སྟོང་དྲུག་ལོར་བཙོན་འཇུག་ལོ་བཞིའི་ལོ་ཚད་ཁྲིམས་བཅད་བཏང་ཡོད་པ་དང་ ཉེས་སྟོང་བཅུ་ལོར་བཙོན་ཁང་ནས་གློད་བཀྲོལ་བྱུང་བའི་རྗེས་ས་གནས་ཉེན་རྟོག་པས་ཁོང་རང་ཁྱིམ་དུ་བཟང་བཙོན་དུ་བཅུག་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎