ཐེ་ཝན་ནང་བོད་མི་སྐྱབས་བཅོལ་བ་གཏན་སྡོད་ཆོག་པར་གྱུར་བ།
2016.11.02

ཕྱི་ལོ་༢༠༡༦་ལོའི་ཕྱི་ཟླ་༦་པའི་གོང་ཐེ་ཝན་ནང་བལ་ཡུལ་དང་རྒྱ་གར་ནས་འབྱོར་བའི་རང་གི་ལུང་པ་མེད་པའི་བོད་མིར་ཐེ་ཝན་ནང་གཏན་སྡོད་ཆོག་པའི་ཕྱི་མི་གཞིས་ཆགས་ཀྱི་ཁྲིམས་གཞི་བསྐྱར་བཅོས་ཨང་གསུམ་པར་ཁ་སང་ཐེ་ཝན་གྲོས་ཚོགས་ནས་ཆོག་མཆན་གཏན་འབེབ་གནང་འདུག
གོང་ཞུས་གཏན་འབེབ་བྱུང་བའི་བསྐྱར་བཅོས་ཁྲིམས་གཞི་དེའི་འོག་ཐེ་ཝན་གྱི་ཕྱི་མི་གཞིས་ཆགས་ལས་ཁུངས་ནས། རྒྱ་གར་དང་། བལ་ཡུལ་གཉིས་ནས་ཐེ་ཝན་ནང་༢༠༡༦་ཕྱི་ཟླ་དྲུག་པའི་གོང་འབྱོར་ཟིན་པའི་རྒྱལ་ཁབ་མེད་པའི་བོད་མི་ཚོར་ཐེ་ཝན་ནང་གཏན་སྡོད་ཆོག་པའི་ཆོག་མཆན་སྤྲོད་དགོས་རྒྱུ་དང་། ཐེ་ཝན་བོད་སོག་ལས་ཁུང་ནས་ཁོང་ཚོ་བོད་པ་ཡིན་པའི་ངོས་འབྱོར་སྤྲོད་དགོས་ཀྱི་ཡོད་པ་རེད།
བསྐྱར་བཅོས་མ་བྱས་གོང་གི་ཁྲིམས་གཞི་རྙིང་པའི་ནང་རྒྱ་གར་དང་བལ་ཡུལ་གཉིས་ནས་༡༩༩༩་ལོའི་ཕྱི་ཟླ་༥་པའི་ཚེས་༢༡་ནས་༢༠༠༨་ལོའི་ཕྱི་ཟླ་༡༢་པའི་ཚེས་༣༡བར་ཐེ་ཝན་ནང་འབྱོར་བའི་ལུང་པ་མེད་པའི་བོད་པ་ཚོར་ཐེ་ཝན་ནང་གཏན་སྡོད་ཆོག་པའི་ལག་འཁྱེར་གནང་ཡོད་པ་རེད།
ཐེ་ཝན་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་Kolas Yotaka་མཆོག་གིས། ཁ་སང་བསྐྱར་བཅོས་གཏན་འབེབ་གནང་བའི་ཐེ་ཝན་གྱི་ཁྲིམས་གཞི་དེའི་བཀྲིན་ལ་བརྟེན་ནས་ཉུང་མཐར་ཐེ་ཝན་ནང་རྗེས་འབྱོར་བོད་མི་༡༦་ཙམ་ལ་གཏན་སྡོད་ཆོག་རྒྱུ་དང་། ལས་ཀ་བྱེད་ཆོག་པའི་ཆོག་མཆན་ཐོབ་ཀྱི་རེད་ཅེས་གསུངས་འདུག
ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་Yotaka་ཡིས། རྒྱ་ནག་གཞུང་གིས་༢༠༠༩་ནས་བཟུང་བོད་ནང་བཙན་པོའི་དབང་སྒྱུར་མུ་མཐུད་བྱེད་བཞིན་པ་དེས་བོད་མི་མང་པོ་ཕྱི་ཕྱོགས་བྲོས་བྱོལ་དུ་ཡོང་དགོས་ཐུག་གི་ཡོད་པ་ཐེར་འདོན་གནང་བ་དང་སྦྲགས། རྒྱ་ནག་གི་འཛིན་སྐྱོང་དཔོན་རིགས་ཚོས་བོད་དོན་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ནང་མི་ཆོར་ཉེས་ཆད་གཏོང་བཞིན་ཡོད་པ་མ་ཟད། རྒྱ་ནག་གིས་བོད་ནང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པའི་སྐོར་གསུངས་འདུག།
གསར་འགོད་པ་རིག་ལྡན་སྒྲོལ་མ།