རྒྱ་གར་བྷི་ཧར་མངའ་སྡེའི་སྲིད་སྐྱོང་མཆོག་གིས། བོད་དོན་དྲིལ་བསྒྲགས་ཀྱི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་འདུག
ཟླ་ ༡༡ ཚེས་ ༢༢ ཉིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གི་ཧིན་བོད་ས་མཚམས་འབུམ་ལ་ནས་དངོས་སུ་འགོ་འཛུགས་ཞུས་པའི། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་ཨ་སམ། མེ་གྷ་ལ་ཡ། ནུབ་སྦེང་གྷལ་དང་བྷི་ཧར་མངའ་སྡེ་བཅས་ཀྱི་ནང་བོད་དོན་དྲིལ་བསྒྲགས་ཀྱི་སྦག་སྦག་སྐོར་སྐྱོད་གནང་བཞིན་ཡོད་པ་དེ་བཞིན། འདི་ཚེས་ ༡༥ ཉིན་ལས་འགུལ་བ་རྣམས་རྒྱ་གར་བྷི་ཧར་མངའ་སྡེའི་རྒྱལ་ས་པཊ་ནར་འབྱོར་ཡོད་ཅིང་། མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ (Rajendra Arlekar) མཆོག་གི་བཞུགས་གནས་སུ་དམིགས་བསལ་མཇལ་བཅར་ཞུས་ཡོད་པ་མ་ཟད། སྐབས་དེར་སྲིད་སྐྱོང་མཆོག་ནས་ལས་འགུལ་བ་རྣམས་ལ་སྣེ་ལེན་ཞུས་ཡོད་པ་དང་འབྲེལ། ད་རེས་ཀྱི་ལས་འགུལ་དེ་ཚགས་ཚུད་དང་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་ཡོད་སྐོར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
མགོན་པོ་དོན་གྲུབ་ལགས་ཀྱིས་མུ་མཐུད་གསུངས་དོན་ལ། སྤྱིར་རྒྱ་གར་ནང་གི་མངའ་སྡེ་ཕལ་ཆེ་བའི་ནང་གནས་སྡོད་བྱེད་བཞིན་པའི་ས་གནས་མང་ཚོགས་ཁྲོད། བོད་ཀྱི་གནད་དོན་ཐོག་རྒྱུས་མངའ་དང་གོ་རྟོགས་མི་དམན་པ་ཞིག་ཡོད་ཀྱང་། རྒྱ་གར་གྱི་མངའ་སྡེ་ཁག་ཅིག་ཏུ་ད་ཆའང་བོད་དོན་སྐོར་ཤེས་རྟོགས་དང་གོ་རྟོགས་ཧ་ཅང་ཞན་པོ་ཡོད་པར་བརྟེན། ཐེངས་འདིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་དོན་དྲིལ་བསྒྲགས་ཀྱི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེའི་བརྒྱུད་རྒྱ་གར་གྱི་གྲོང་གསེབ་ཁག་གི་ནང་གནས་སྡོད་ཡུལ་མིའི་ཁྲོད། བོད་དོན་ཁྱབ་བསྒྲགས་དང་གོ་རྟོགས་གང་ལེགས་སྤེལ་ཐུབ་པ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་བྷི་ཧར་མངའ་སྡེའི་ནང་གི་རྒྱལ་ས་དང་གྲོང་ཁྱེར་ཆེ་ཁག་ཏུ་བོད་མི་སུད་ཚོང་གཉེར་མཁན་བོད་རིགས་མང་ཚོགས་ནས་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་བ་རྣམས་ལ་སྣེ་ལེན་དང་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་རེད་འདུག
ཐེངས་འདིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེ་བཞིན། ཁྱོན་ཟླ་བ་གཉིས་ཙམ་གྱི་རིང་རྒྱ་གར་གྱི་མངའ་སྡེ་ཁག་ཉི་ཤུའི་ནང་གྱི་རྒྱལ་ས་དང་གྲོང་ཁྱེར་ཆེ་ཁག་ནང་སྐོར་སྐྱོད་ཀྱིས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཙོས་པས་ས་གནས་དང་དབུས་གྲོས་ཚོགས་འཐུས་མིར་མཇལ་འཕྲད་དང་ས་གནས་ཀྱི་གསར་འགོད་འདུ་སྐོང་གནང་སྟེ་གསར་འགོད་གསལ་བསྒྲགས་བརྒྱུད་བོད་དོན་དྲིལ་བསྒྲགས་གནང་རྒྱུ་དང་། ལས་འགུལ་དེའི་དགོས་འདུན་གཙོ་བོ་གསུམ་ནི། དང་པོ་བོད་ནང་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་དེ་ཕྲལ་ཏུ་འཚམས་འཇོག་དགོས་པ། གཉིས་པ། རྒྱ་གར་གྲོས་ཚོགས་ནང་བོད་དེ་ལོ་རྒྱུད་ཀྱི་ཐོག་ནས་རང་བཙན་ཡིན་པ་དང་། ད་ལྟའི་འཆར་རྒྱ་ནག་གཞུང་གི་བཙན་འོག་དུ་ཡོད་པས་རྒྱལ་ཁབ་ཞིག་ཡིན་པར་ངོས་འཛིན་གྱི་གྲོས་ཆོད་གཏན་འབེབས་གནང་རྒྱུ། གསུམ་པ། བོད་དེ་བཞིན་འཛམ་གླིང་གི་སྣེ་གསུམ་པ་ཡིན་པས་ཆ་ནས་ད་ཆ་རྒྱ་ནག་གཞུང་གི་བོད་ཀྱི་འཁོར་ཡུག་ལ་གཏོར་བཤིག་དང་གནོད་སྤྱུད་ལ་ཉེན་ཁ་བཟོ་བཞིན་ཡོད་དུས་འཛམ་གླིང་མི་མང་ནས་དེར་དོ་སྣང་དང་རྒྱབ་སྐྱོར་གནང་རྒྱུ་སོགས་ཡིན་འདུག་ལ། འདི་ཚེས་ ༡༥ ཉིན་རྒྱ་གར་བྷི་ཧར་མངའ་སྡེའི་ནང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་གྲུབ་རྗེས། ཁོང་རྣམས་རྒྱ་གར་གི་མངའ་སྡེ་ཇཱར་ཁནདྲ། ཨོ་རི་ས། ཆ་ཏིས་གྷར། ཏི་ལང་གྷ་ན། ཀར་ན་ཊ་ཀ། ཏ་མིལ་ནཱ་གྲུ། ཀེ་རེ་ལ། མྷ་རཤ་ཊ་ར། དང་གུ་ཇུ་རཱཏ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ལས་འགུལ་མཇུག་སྒྲིལ་གནང་རྒྱུ་ཡིན་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།