ཨ་རི་དང་རྒྱ་ནག་འགོ་ཁྲིད་ཀྱི་གླེང་གྲོས་གཙོ་བོ།
2011.08.18
༄༅༎ཨ་རིའི་སྲིད་འཛིན་སྐུ་གཞོན་ཇོ་སེཕ་སྦའེ་ཌེན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཇིང་པིང་དང་མཇལ་མོལ་གནང་ནས་གནད་དོན་གཙོ་བོ་ཨ་མི་རི་ཀའི་དཔལ་འབྱོར་གྱི་དཀའ་ངལ་སྐོར་བཀའ་མོལ་གནང་ཡོད་པ་རེད་
ཡིན་ནའང་སྦའེ་ཌེན་མཆོག་གིས་ཤི་ཇིང་པིང་དང་མཇལ་མོལ་མ་གནང་གོང་ཨ་མི་རི་ཀས་རྒྱ་ནག་དང་འབྲེལ་ལམ་དམ་ཟབ་གནང་རྒྱུ་དེ་གལ་གནད་ཆེན་པོ་ཡིན་སྐོར་གསུང་ཡོད་པ་རེད་ དེ་ཡང་སྐུ་ཞབས་སྦའེ་ཌེན་མཆོག་གིས་ངའི་བསམ་པར་ཨ་མི་རི་ཀའི་ངོས་ནས་འཛམ་གླིང་གི་ཡུལ་ཁག་དང་འབྲེལ་བ་འཇོག་གནང་རྒྱུའི་ཁོངས་རྒྱ་ནག་གི་ཡུལ་ལས་གལ་ཆེ་བ་ཡོད་ཀྱི་མ་རེད་ཅེས་གསུང་འདུག ཕྱོགས་མཚུངས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཇིང་པིང་གིས་དལྟའི་གནས་སྟངས་དེར་རྒྱ་ནག་དང་ཨ་མི་རི་ཀའི་ཡུལ་གཉིས་བར་གྱི་འབྲེལ་བ་དེ་གཞི་རྒྱ་ཆེ་ཞིང་ཐུ་མོང་གི་ཁེ་ཕན་ཙམ་མ་ཟད་འགན་འཁུར་ཡང་མཉམ་ལེན་གནང་དགོས་ཞེས་གསུང་འདུག སྐུ་ཞབས་སྦའེ་ཌེན་མཆོག་རྒྱ་ནག་ལ་རྒྱལ་དོན་འཚམས་གཟིགས་མ་གནང་གོང་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་ཨ་མི་རི་ཀའི་ངོས་ནས་དལྟའི་ཡུལ་གྱི་དཔལ་འབྱོར་གྱི་དཀའ་ངལ་དེ་དག་སེལ་དགོས་པའི་སྐོར་གནས་ཚུལ་མང་དག་ཅིག་འདོན་སྤེལ་བྱས་ཡོད་པ་མ་ཟད་ལྷག་པར་དུ་ཉེ་བའི་ཆར་ཨ་མི་རི་ཀའི་གཞུང་ཕྱོགས་ནས་ཕྱི་ཁག་ནས་བུན་གཡར་ཆོག་རྒྱུའི་ཚད་གཞིའི་རིམ་པ་དེ་དམའ་རུ་བཏང་བ་ནས་བཟུང་གོང་ཞུས་ཀྱི་རྒྱག་གཏམ་དེ་དག་དེ་བས་མང་བ་སྟོན་འགོ་འཛུགས་ཡོད་པ་རེད་ ཡིན་ནའང་ད་ཐེངས་ཀྱི་ཨ་རིའི་སྲིད་འཛིན་སྐུ་གཞོན་སྦའེ་ཌེན་མཆོག་གི་རྒྱ་ནག་གི་རྒྱལ་དོན་འཚམས་གཟིགས་ཀྱི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཇིང་པིང་རྒྱུས་ལོན་ཆེད་དམིགས་ཡོད་པ་རེད་ ཁོང་གིས་པེ་ཅིང་དུ་རྒྱ་གཞུང་གི་དཔོན་རིགས་རྣམས་དང་མཇལ་མོལ་གནང་རྗེས་ཁོང་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་དུ་ཕེབས་རྒྱུའི་འཆར་གཞི་ཡོད་པ་རེད་ གཞན་ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ལྦིཀ་ཀྲོ་རི་ཡ་ནུ་ལེནདྲ་ཡིས་སྲིད་འཛིན་སྐུ་གཞོན་མཆོག་གིས་དལྟའི་རྒྱ་ནག་གི་རྒྱལ་དོན་འཚམས་གཟིགས་འདིའི་སྐབས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་རྒྱ་ནག་གི་དཔོན་རིགས་རྣམས་ལ་གླེང་སློང་གནང་རྒྱུ་ཡིན་སྐོར་གསུང་འདུག