རྒྱ་ནག་སྲིད་འཛིན་གྱིས་ཐེ་ཝན་གྱི་གནད་དོན་དང་འབྲེལ་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་ལ་དོ་ཕོག་ཡོང་སྲིད་པ་བརྗོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་མི་རི་ཀའི་སྲིད་འཛིན་ Joe Biden མཆོག་ལ་ཐེ་ཝན་གྱི་གནད་དོན་ཐོག་ཡག་པོ་མ་བྱས་པ་ཡིན་ན། དེས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་གནོད་སྐྱོན་ཡོང་སྲིད་པའི་སྐོར་བརྗོད་འདུག དེ་ཡང་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཨ་མི་རི་ཀའི་སྲིད་འཛིན་ Joe Biden རྣམ་གཉིས་དྲ་བརྙན་ཐོག་བཀའ་མོལ་གནང་སྐབས་སྲིད་འཛིན་ཞི་ཅིན་ཕིང་གིས། ཨ་མི་རི་ཀའི་མི་ཁག་ཅིག་གིས་ཐེ་ཝན་ནང་ཡོད་པའི་རང་དབང་རང་བཙན་ཤོག་ཁག་ལ་བརྡ་ལན་ནོར་བ་བཏང་གི་འདུག དེ་ཉེན་ཚབས་ཆེན་པོ་རེད།
གལ་སྲིད་ཐེ་ཝན་གྱི་གནད་དོན་ཐོག་བྱེད་སྟངས་ཡག་པོ་མ་བྱུང་བ་ཡིན་ན། དེས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་མགོ་རྟིང་སློག་སྲིད་ཀྱི་རེད་ཅེས་བརྗོད་འདུག
ཡིན་ན་ཡང་ཨ་མི་རི་ཀའི་སྲིད་འཛིན་ Biden མཆོག་གི་ངོས་ནས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ཨ་མི་རི་ཀས་ཐེ་ཝན་ཐོག་འཛིན་པའི་སྲིད་བྱུས་དེར་འགྱུར་བ་མེད་པ་དང་དེར་ཕྱོགས་གཅིག་རྐྱང་པས་བསྒྱུར་བ་གཏོང་བ་ཡིན་ན། དེར་ངོ་རྒོལ་མུ་མཐུད་གནང་རྒྱུ་ཡིན་པ་ནན་བརྗོད་གནང་ཡོད་པ་རེད། དེར་ཐེ་ཝན་ཕྱི་སྲིད་ལྷན་ཁང་གི་ངོས་ནས་ཨ་མི་རི་ཀའི་སྲིད་འཛིན་མཆོག་གིས་ཐེ་ཝན་གྱི་སྲུང་སྐྱོབ་ཐོག་རྒྱབ་སྐྱོར་དང་མངའ་ཁུལ་ནང་ཞི་བདེ་དང་བརྟན་ལྷིང་ཡོང་ཐབས་གནང་རྒྱུའི་ནན་བརྗོད་གནང་བ་དེར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད་འདུག གོང་ཞུས་རྒྱ་ནག་དང་ཨ་མི་རི་ཀའི་སྲིད་འཛིན་རྣམ་གཉིས་ཀྱི་དྲ་བརྙན་ཐོག་གི་བཀའ་མོལ་དེ་མ་གནང་གོང་། རྒྱ་ནག་གིས་ཐེ་ཝན་གྱི་མཚོ་ཁར་གནམ་གྲུ་འཁྱེར་བའི་དམག་གྲུ་ Shandong ཞེས་པ་དེ་བཏང་བར་དེའི་ཉེ་འདབས་སུ་ཨ་མི་རི་ཀའི་དམག་གྲུ་ཞིག་ཀྱང་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད། འདས་པའི་ལོ་གཉིས་ནང་རྒྱ་ནག་གིས་ཐེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་འཇོག་ཆེད་དུ་དམིགས་ནས་ཐེ་ཝན་གྱི་མཚོ་ཁར་དམག་དོན་གྱི་ལས་དོན་མང་དག་ཅིག་སྤེལ་དང་སྤེལ་མུས་ཡིན་པ་རེད།།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག