དགུ་བཅུ་གཅིག་གི་དོན་རྐྱེན་བྱུང་ནས་ལོ་༢༠འཁོར་བའི་དུས་སུ་རྒྱལ་ཡོངས་གཅིག་སྒྲིལ་དགོས་པའི་སྐུལ་མ།
ཨ་རིའི་ནང་དགུ་བཅུ་གཅིག་གི་འཇིགས་སྐུལ་དྲག་སྤྱོད་པས་ཚུར་རྒོལ་གྱི་དོན་རྐྱེན་བྱུང་ནས་ལོ་ངོ་༢༠འཁོར་བའི་སྔ་ནུབ་ཏུ་ཕྱི་ཟླ་༩ཚེས་༡༠ཉིན་སྲིད་འཛིན་Joe Biden མཆོག་གིས་སྲིད་འཛིན་གྱི་ཕོ་བྲང་དཀར་པོ་ནས་Video བརྙན་པར་བརྒྱུད་ཨ་རི་རྒྱལ་ཡོངས་ལ་དུས་ཚིགས་དྲན་གསོའི་གསུངས་བཤད་གནང་པ་དང་སྦྲགས་འཇིགས་སྐུལ་དྲག་སྤྱོད་པས་ཚུར་རྒོལ་གྱི་དོན་རྐྱེན་ནང་འདས་གྲོངས་སུ་འགྱུར་བ་རྣམས་ལ་རྗེས་དྲན་ཞུས་གནང་འདུག ༢༠༠༡ལོའི་ཕྱི་ཟླ་༩པའི་ཚེས་༡༡ཉིན་ Al Qaeda ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་གིས་འགྲུལ་སྐྱེལ་གནམ་གྲུ་བཙན་བཟུང་བྱས་པ་བརྒྱུད་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་། རྒྱལ་ས་ཝ་ཤིང་ཀྲོན་དེ་བཞིན་Pennsylvania མངའ་སྡེ་བཅས་པའི་ནང་གནམ་གྲུ་བརྡབ་ལྷུང་གི་གཏོར་རྒོལ་བྱས་ཏེ་ཨ་རིའི་ནང་མེ་གསོད་རུ་ཁག་གི་ལས་མི་དང་། སྨན་ཞབ་པ། ལས་ཁུངས་ཀྱི་ལས་མི་བཅས་ཁྱོན་མི་གྲངས་༢༩༧༧འཆི་སྐྱོན་དུ་བཏང་བ་མ་ཟད། གཞན་མི་གྲངས་སྟོང་ཕྲག་ལྷག་ལ་རྨས་སྐྱོན་ཕོག་སྟེ་ལོ་རྒྱུས་ཐོག་ཨ་རིའི་ནང་དྲག་སྤྱོད་པའི་ཚུར་རྒོལ་གྱི་དོན་རྐྱེན་ཚབས་ཆེ་ཤོས་དེ་ཆགས་ཡོད་པ་རེད། སྲིད་འཛིན་མཆོག་གིས་དགུ་བཅུ་གཅིག་གི་དོན་རྐྱེན་ལ་རྗེས་དྲན་གྱི་གསུངས་བཤད་ནང་། དོན་རྐྱེན་དེའི་འོག་འདས་གྲོངས་སུ་ཕྱིན་པ་རྣམས་ལ་དྲན་གསོ་གནང་པའི་ཐོག་དོན་རྐྱེན་དེས་རྐྱེན་པས་ཨ་རིའི་ནང་ཁེ་ཆེའི་ཆོས་དད་པ་ཚོར་སྡང་འཛིན་དང་རྩུབ་སྤྱོད་ཀྱི་གནས་ཚུལ་བྱུང་ཡོད་ཀྱང་། ཉག་ཕྲའི་གནས་སྟངས་དེ་འདྲ་ཞིག་གི་སྐབས་རྒྱལ་ཁབ་ཀྱི་གཅིག་སྒྲིལ་ལ་གཏོར་སྐྱོན་མ་ཐེབས་པར་གཅིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་ཐུབས་པ་ནི་ དགུ་བཅུ་གཅིག་དོན་རྐྱེན་ལས་ཨ་རིའི་མི་མང་གི་སྟོབས་ཤུགས་མངོན་འགྱུར་གྱི་བསླབ་བྱ་གཙོ་བོ་དེ་ཡིན་ཞེས་གསུངས་གནང་འདུག སྲིད་འཛིན་མཆོག་གིས་གཅིག་སྒྲིལ་ཟེར་དུས་མི་ཚང་མའི་བསམ་བློ་གཅིག་མཐུན་ཡིན་པར་གོ་བ་ཁྱབ་དགོས་ཀྱི་མེད་ལ། དེ་ལས་ལྷག་པའི་ཕན་ཚུན་དབར་གཞི་རྩའི་གུས་བརྩི་དང་ཡིད་ཆེས་ལ་གོ་ཡི་ཡོད་པ་གསུངས་གནང་འདུག སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ལས་ཁུངས་ཀྱིས་སྤྱི་བསྒྲགས་ནང་གསལ་ལྟར་ན། དེ་རིང་ཕྱི་ཚེས་༡༡སྟེ་ དགུ་བཅུ་གཅིག་གི་དོན་རྐྱེན་གྱི་དུས་ཚེས་ཉིན་སྲིད་འཛིན་Biden མཆོག་དང་ལྕམ་Jill Biden རྣམས་གཉིས་ནས་དྲག་སྤྱོད་པའི་གཏོར་རྒོལ་བྱ་ཡུལ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་World Trade Center འཛམ་གླིང་ཚོང་དོན་ལྟེ་གནས་དང་། Virginia མངའ་སྡེའི་ནང་ཡོད་པའི་Pentagon རྒྱལ་སྲུང་ལས་ཁང་དང་། དེ་བཞིན་Pennsylvania མངའ་སྡེའི་Shanksville གྲོང་ཁྱེར་བཅས་པར་རྗེས་དྲན་གྱི་མཚམས་གཟིགས་གནང་རྒྱུ་ཡིན་འདུག།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།