བོད་ནང་བོད་མིའི་རིགས་རྫས་བསྡུ་རུབ་བྱས་མཁན་ཚོར་དཔལ་འབྱོར་གྱི་ཉེས་ཆད་འགེལ་དགོས་པའི་འབོད་སྐུལ་གནང་བ།

ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཨ་མི་རི་ཀའི་ Biden གཞུང་གི་བློན་ཆེན་རིམ་པའི་གོ་གནས་ཡོད་པའི་དཔོན་རིགས་གསུམ་ལ་བོད་ནང་བོད་མིའི་རིགས་རྫས་བསྡུ་རུབ་དང་ཕྲུ་གྲུ་རྣམས་རང་གི་ཕ་མ་ནས་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་མཁན་ཚོར་ Global Magnitsky ཞེས་པའི་དཔལ་འབྱོར་གྱི་ཉེས་ཆད་འགེལ་དགོས་པའི་སྐོར་ཕྱག་བྲིས་གནང་ཡོད་པ་རེད་འདུག

གོང་ཞུས་ཀྱི་ཕྱག་བྲིས་དེ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཟུང་འབྲེལ་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Chris Smith དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkeley རྣམ་གཉིས་ཀྱིས་ཨ་མི་རི་ཀའི་ Biden གཞུང་གི་ཚོང་དོན་དྲུང་ཆེ་ལྕམ་ Gina Riamondo དང་། ནོར་སྲིད་དྲུང་ཆེ་ལྕམ་ Janet Yellen དང་། ཕྱི་སྲིད་དྲུང་ཆེ་ Antony Blinken རྣམ་པ་གསུམ་ལ་ཕྱག་བྲིས་དེ་གནང་ཡོད་པ་རེད་འདུག གོང་ཞུས་ཀྱི་ཕྱག་བྲིས་དེའི་ནང་། ཁྱེད་རྣམ་པ་གསུམ་ཨ་མི་རི་ཀའི་བཅའ་དངོས་བེད་སྤྱོད་བསྐྱར་ཞིབ་ཚོགས་ཆུང་ནང་ཡོད་པར་བརྟེན། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་དང་དེ་དང་འབྲེལ་བའི་བོད་མིའི་རིགས་རྫས་བསྡུ་ལེན་བྱེད་མཁན་གྱི་སྡེ་ཁག་ཨ་མི་རི་ཀའི་བཟོ་གྲ་སྲུང་སྐྱོབ་ལས་ཁང་གི་ཐོ་གཞུང་ནང་བཅུག་གནང་དགོས་ཞེས་བཀོད་ཡོད་པ་རེད་འདུག ཡང་ཕྱག་བྲིས་དེའི་ནང་གོང་ཞུས་ལྟར་ལས་དོན་དེ་གནང་བ་ཡིན་ན་ཨ་མི་རི་ཀའི་ཚོང་གཉེར་ལས་ཁང་ཁག་གིས་དངོས་ཤུགས་བརྒྱུད་གསུམ་ནས་བོད་རང་སྐྱོང་ལྗོངས་དང་། བོད་ཀྱི་ས་ཁུལ་གཞན་ཁག་གི་ནང་བོད་མིའི་རིགས་རྫས་བསྡུ་ལེན་ཐོག་སོ་བལྟའི་ལས་དོན་སྤེལ་རྒྱུར་ཕན་ནུས་མེད་པར་བཟོ་ཐུབ་རྒྱུ་ཡིན་པའི་སྐོར་སོགས་ཕྱག་བྲིས་དེའི་ནང་བཀོད་གནང་ཡོད་པ་རེད་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག