ཨ་རིའི་སྲིད་འཛིན་གཞོན་པ་སོགས་ཨི་རག་ཏུ་ཆེད་ཕེབས།
2010.09.01
༄༅༎ཨ་མི་རི་ཀའི་སྲིད་འཛིན་སྐུ་གཞོན་སྐུ་ཞབས་ཇོ་སྦའེ་ཌེན་དང་སྲུང་སྐྱོབ་དྲུང་ཆེ་སྐུ་ཞབས་རོ་སྦ་ཀྲི་གེཏ་སི་རྣམ་གཉིས་ཨི་རག་ནང་གི་ཨ་མི་རི་ཀའི་དམག་དཔོན་འཕོ་འགྱུར་གྱི་མཛད་སྒོའི་ཐོག་ཆེད་ཕེབས་གནང་ཡོད་པ་རེད།
དེ་ཡང་ཨ་མི་རི་ཀའི་དམག་དཔུང་གིས་ཨི་རག་ཐོག་དམག་འཐབ་བྱས་ཏེ་མི་ལོ་བདུན་འགྲོ་བ་དང༌། ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་ཨི་རག་ནང་གི་ཨ་རིའི་དམག་འཐབ་མཇུག་སྒྲིལ་གནང་རྒྱུའི་གསལ་བསྒྲགས་གནང་བའི་རྗེས། སྲིད་འཛིན་སྐུ་གཞོན་དེ་རིང་ཨི་རག་ཏུ་ཕེབས་འབྱོར་གྱིས་རེས་གཟའ་ཟླ་བའི་ཉིན་ཨི་རག་ནང་གི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་རྒྱུ་དང༌། ཨ་རིའི་དམག་དཔོན་གྱི་ལས་གནས་འཕོ་འགྱུར་གྱི་མཛད་སྒོར་ཞུགས་རྒྱུ་ཡིན་པ་རེད། སྲིད་འཛིན་སྐུ་གཞོན་གྱི་ལྷན་དུ་སྲུང་སྐྱོབ་དྲུང་ཆེ་སྐུ་ཞབས་རོ་སྦ་ཀྲི་གེཏ་སི་ཆེད་ཕེབས་གནང་ཡོད་པ་ལྟར་དེ་རིང་སྔ་དྲོ་ཨི་རག་ཏུ་ཕེབས་འབྱོར་ཟིན་མ་ཐག་ཨི་རག་གི་རྒྱལ་ས་སྦག་རྡརྡ་ནས་ནུབ་ཕྱོགས་སུ་ཀི་ལོ་མི་ཊར་༡༠༠ ཙམ་གྱི་མཚམས་སུ་རྟེན་གཞི་བྱེད་པའི་ཨ་མི་རི་ཀའི་དམག་དཔུང་རྟེན་གཞི་ཁང་དུ་གཟིགས་ཞིབ་ཏུ་ཕེབས་ཡོད་པ་རེད།
ད་རེས་ཨ་མི་རི་ཀའི་སྲིད་འཛིན་སྐུ་གཞོན་ཨི་རག་ཏུ་འཚམས་འདྲིར་ཕེབས་པའི་དམིགས་ཡུལ་གཙོ་བོ་ནི། ཨི་རག་གི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་གྲུབ་འབྲས་དུས་ཐོག་ཏུ་གསལ་བསྒྲགས་མི་བྱེད་པར་དུས་འགྱངས་བྱས་པ་དེ་ཡིས་གཞུང་གསར་པ་གསར་འཛུགས་བྱེད་པར་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན་ནས་ད་རེས་ཨི་རག་གི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམས་དང་མཇལ་འཕྲད་ཀྱིས་གང་མགྱོགས་གཞུང་གསར་པ་འཛུགས་དགོས་པའི་སྐུལ་དེད་གཏོང་རྒྱུ་ཡིན་པ་རེད། དེ་བཞིན་ཨ་མི་རི་ཀས་ཨི་རག་ནང་དམག་འཐབ་བྱེད་འགོ་བཙུགས་པ་ནས་བཟུང་མི་ལོ་ལྔ་ལྷག་ཨི་རག་ནང་གི་ཨ་མི་རི་ཀའི་དམག་དཔོན་སྐུ་ཞབས་ཨོ་ཌི་ཡར་ནོ་ཡིས་རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་ནིའུ་ཡོག་དུས་བབ་ཅེས་པའི་གསར་འགྱུར་ལས་ཁང་ལ། ཨི་རག་ནང་གཞུང་གསར་པ་གང་མགྱོགས་གསར་འཛུགས་བྱེད་མ་ཐུབ་པ་ཡིན་ན། ཨི་རག་མི་དམངས་ཀྱིས་དམངས་གཙོའི་ལམ་ལུགས་ལ་ཡིད་ཆེས་བྱེད་པར་འགོག་རྐྱེན་བཟོ་རྒྱུ་མ་ཟད།གཞུང་གསར་པ་འཛུགས་རྒྱུར་དུས་ཚོད་ཇི་ཙམ་གྱི་འགོར་གཞི་ཆེ་བ་དེ་ཙམ་གྱིས་དཀའ་རྙོག་ཆེ་རུ་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་གནང་ཡོད་པ་རེད།