འབྲུག་ཡུལ་ས་མཚམས་ཁུལ་དུ་རྒྱ་ནག་དམག་མིས་སིམ་འཛུལ།

འབྲུག་ཡུལ་གྱི་ས་མཚམས་ས་ཁུལ་ཁག་ཏུ་རྒྱ་ནག་གི་མཐའ་མཚམས་དམག་མིས་སིམ་འཛུལ་ལན་མང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

2009.12.10

༄༅༎འབྲུག་ཡུལ་གྱི་ས་མཚམས་ས་ཁུལ་ཁག་ཏུ་རྒྱ་ནག་གི་མཐའ་མཚམས་དམག་མིས་སིམ་འཛུལ་ལན་མང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཀུན་གསལ་ཞེས་འབྲུག་ཡུལ་གྱི་ཉིན་རེའི་གསར་ཤོག་གིས་གནས་ཚུལ་བཀོད་པར་གཞིགས་ན་འདི་ཟླའི་ཚེས་བཞི་ཉིན་འབྲུག་རྒྱལ་ཡོངས་གྲོས་ཚོགས་ནང་འབྲུག་དང་རྒྱ་ནག་དབར་ས་མཚམས་ཀྱི་གྲོས་མོལ་གནས་བབ་སྐོར་བགྲོ་གླེང་བྱ་སྐབས་འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་དྲག་ཤོས་པད་མ་དབང་ཕྱུག་གིས་འབྲུག་ཡུལ་གྱི་ཅ་རི་ཐང་ལུང་གཤོང་དུ་ཡོད་པའི་ལྷ་རི་སྒང་ས་མཚམས་ས་ཁུལ་ནང་རྒྱ་ནག་གི་མཐའ་མཚམས་སྲུང་དམག་ནས་སིམ་འཛུལ་བྱས་ཏེ་ཁྱོན་འདི་ལོ་ཉིས་སྟོང་དགུ་ལོ་གཅིག་པུར་འབྲུག་ས་ཐོག་ཏུ་རྒྱ་ནག་གི་མཐའ་མཚམས་སྲུང་དམག་ཚོས་སིམ་འཛུལ་ཐེངས་བཅུ་བདུན་ཙམ་བྱས་ཡོད་པའི་སྐོར་སྙན་སེང་ཞུས་ཡོད་པ་རེད་ ཕྱི་སྲིད་བློན་ཆེན་དྲག་ཤོས་པད་མ་དབང་ཕྱུག་ལགས་ཀྱིས་དེ་སྔ་ཉིས་སྟོང་བཞི་ལོར་རྒྱ་ནག་གཞུང་གིས་འབྲུག་ཡུལ་གྱི་རྒྱུག་ཆུ་གླང་དམར་པོ་ནས་རྗུ་རི་ཞེས་པའི་རི་ཁྲོད་ཕྱོགས་སུ་གཞུང་ལམ་འཛུགས་བསྐྲུན་བྱེད་སྐབས་འབྲུག་གཞུང་གིས་དགག་བྱ་བྱས་པར་བརྟེན་འཛུགས་བསྐྲུན་མཚམས་འཇོག་བྱས་ཡོད་པ་རེད་ ཡིན་ན་ཡང་འདི་ལོ་སླར་ཡང་རྒྱ་ནག་གིས་འབྲུག་གི་རྗུ་རི་ས་ཁུལ་ནས་ཕུ་ཏེ་སྒང་རི་ཁྲོད་ས་ཁུལ་བར་གཞུང་ལམ་གསར་རྒྱག་གི་ལས་དོན་འགོ་འཛུགས་བྱས་ཡོད་པ་དང་འབྲུག་གཞུང་གིས་དེ་དག་མཚམས་འཇོག་དགོས་གལ་སྐོར་རྒྱ་ནག་གཞུང་ལ་ཐེངས་ལྔ་ཙམ་འབྲེལ་གཏུགས་བྱས་ཡོད་པའི་སྐོར་གསལ་འདོན་གནང་བཞག རྒྱ་ནག་དང་འབྲུག་ཡུལ་དབར་ས་མཚམས་ཀྱི་དཀའ་རྙོག་གཙང་གསལ་མ་བྱུང་བར་ས་འབྲེལ་ས་མཚམས་ཁུལ་དུ་རྙོག་གླེང་གང་ཡང་མེད་པར་བཞི་བདེ་མཉམ་གནས་བྱ་རྒྱུའི་སྐོར་དེ་སྔ་༡༩༩༨ལོར་གྲོས་མཐུན་བཞག་ཡོད་པ་རེད་ལ་ ༡༩༨༤ནས་༢༠༠༦་བར་ཕྱོགས་གཉིས་དབར་ས་མཚམས་ཀྱི་གྲོས་མོལ་ཐེངས་བཅོ་བརྒྱད་བྱས་ཡོད་པ་རེད་ ཡིན་ཡང་རྒྱལ་ཁབ་གཉིས་ཀྱི་དངོས་གཞིའི་དབྱེ་ཐིག་ས་མཚམས་ངོས་འཛིན་བྱ་ཕྱོགས་ཐད་བསམ་ཚུལ་མི་མཐུན་པའི་རྐྱེན་ས་མཚམས་ཀྱི་རྩོད་གླེང་ཡོད་མུས་ཡིན་པ་མ་ཟད་འབྲུག་བྱང་ཕྱོགས་ཁུལ་གྱི་འབྲོག་ལམ་དང་ ཅ་རི་ཐང་ སིན་ཆུ་ལུང་པ་ དེ་བཞིན་སྒྲ་མ་ན་རྩྭ་ཐང་གི་ས་ཁུལ་བཅས་སུ་རྒྱ་ནག་དང་ས་མཚམས་དབྱེ་ཐིག་གི་རྩོད་གླེང་ཆེན་པོ་ཡོད་པའི་སྐོར་འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་པད་མ་དབང་ཕྱུག་གིས་འགྲེལ་བརྗོད་བྱས་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎