མོན་རྟ་དབང་ལ་བོད་དོན་རྒྱབ་སྐྱོར་གྱི་ལྷན་ཚོཊ་ཚོགས་འདུག
2014.11.12
ང་ཚོས་བོད་རང་བཙན་གཙང་མ་དགོས་ཞེས་རེ་འདུན་ཞུ་བཞིན་ཡོད་ཅེས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་གྱིས་གསུངས་འདུག
དེ་ཡང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་གྲོང་ཁྱེར་ནང་། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་བསྒྲིགས་གནང་སྟེ། བོད་དོན་རྒྱབ་སྐྱོར་གྱི་ལྷན་ཚོགས་ཤིག་ཕྱི་ཚེས་༡༠ཉིན་བསྐོང་ཚོགས་གནང་ཡོད་པ་དང་། ལྷན་ཚོགས་ཐོག་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམ་ནོར་བུ་ལགས་སོགས་ལྷན་ཞུགས་གནང་ཡོད་འདུག ལྷན་ཚོགས་ཐོག་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་RK Khrimeyལགས་ཀྱིས་གསུང་བཤད་གནང་བའི་ནང་། ཁོང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་གནས་ཡུལ་མི་རྣམས་ཀྱིས་རྡོག་རྩ་ཆིག་སྒྲིལ་གྱི་ངང་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་གནང་ཐོག་བོད་མི་སྐྱབས་བཅོལ་བ་རྣམས་ནི་རྒྱ་གར་གྱི་དམིགས་བསལ་སྐུ་མགྲོན་ཡིན་སྟབས་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ནང་ཐག་ཆོད་གནང་བའི་འབྲུ་དོན་བཞིན་བོད་མི་སྐྱབས་བཅོལ་བའི་སྲུང་སྐྱོབ་དང་ཐོབ་ཐང་ལ་རྒྱ་གར་གཞུང་གིས་འགན་ལེན་ཆ་ཚང་ཞུ་རྒྱུའི་ཁས་ལེན་གནང་ཡོད་ལུགས་གསུངས་འདུག
ཡང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་སྐུ་ཞབས་ཨེན་ཀེ་ཏྲི་ལགས་ཀྱིས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་འོག་དོན་དམ་གྱི་རང་སྐྱོང་རྩོད་ལེན་གནང་གི་ཡོད་ཀྱང་ང་ཚོས་བོད་རང་བཙན་གཙང་མ་དགོས་ཞེས་རེ་འདུན་ཞུ་བཞིན་ཡོད་ཅེས་དང་། བོད་ཀྱི་༧གོང་ས་ཏྭ་ལའི་བླ་མ་མཆོག་དང་བོད་མི་སྐྱབས་བཅོལ་བ་རྣམས་ཆེ་མཐོང་དང་། གཟི་བརྗིད་ངང་ནས་བོད་རང་བཙན་གྱི་རྒྱལ་ཁབ་ཏུ་མགྱོགས་མྱུར་ཞབས་སོར་འཁོད་ཐུབ་པའི་རེ་བ་ཞུ་གི་ཡོད་ཅེས་གསུངས་འདུག གཞན་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གཞུང་གི་ཆེས་མཐོའི་གཟེངས་རྟགས་Bharat Ratnaའམ་ཡང་ན་གྷན་རྡིའི་ཞི་བའི་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་འབོད་སྐུལ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཞུ་བཞིན་ཡིན་ལུགས་ཡང་གསུངས་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།