ནུབ་སྦང་ག་ལིའི་སྲིད་སྐྱོང་གིས་མཛད་སྒོར་ལྷན་ཞུགས།
2011.12.01
༄༅༎རྒྱ་ནག་ནས་དགག་ཆ་བྱེད་མིན་ལ་མ་ལྟོས་པར་ནུབ་སྦང་ག་ལིའི་སྲིད་སྐྱོང་ནས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་བཞུགས་མཛད་སྒོར་མཉམ་ཞུགས་གནང་ཡོད་འདུག
དེ་ཡང་རྒྱ་གར་གྱི་ནུབ་སྦང་ག་ལིའི་གྲོང་ཁྱེར་ཀོལ་ཀ་ཏའི་ནང་རྟེན་གཞི་བྱེད་པའི་མ་དར་ ཀྲེ་རི་ས་དམ་པའི་ཚོགས་པ་དང་། གཞན་ཡང་ཚོགས་པ་ཁག་ཅིག་ནས་ཇི་ལྟར་གདན་འདྲེན་ཞུས་པ་ལྟར། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་རྒྱལ་ས་ཀོལ་ཀ་ཏར་ཆིབས་བསྒྱུར་གནང་ནས་མཛད་འཆར་ཁག་ཅིག་བསྐྱངས་གནང་ཡོད་པ་དང་། མཛད་སྒོ་དེའི་ཐོག་མངའ་སྡེའི་སྲིད་སྐྱོང་དང་། སྤྱི་ཁྱབ་བློན་ཆེན་རྣམ་གཉིས་ཀྱང་གདན་འདྲེན་ཞུས་ཡོད་པ་རེད། དེའི་གོང་ཀོལ་ཀ་ཏའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཡན་ལག་ལས་ཁུངས་ནས་ལས་བྱེད་ཆེད་མངགས་བཏང་ནས་ཁོང་རྣམ་གཉིས་མཛད་སྒོར་ཕེབས་རྒྱུར་འགོག་རྐྱེན་བཟོས་ཡོད་པ་རེད། འོན་ཀྱང་སྲིད་སྐྱོང་ཨེམ་ཀེ་ན་ར་ཡན་མཆོག་ནས་རྒྱ་ནག་གཞུང་གིས་དགག་ཆ་བྱེད་མིན་ལ་མ་ལྟོས་པར་༧གོང་ས་མཆོག་གི་གསུངས་བཤད་གནང་སའི་མཛད་སྒོར་བཅར་གནང་ཡོད་འདུག ཡང་གནས་ཚུལ་ནང་བཀོད་པར་ལྟར་ན། སྤྱི་ཁྱབ་བློན་ཆེན་ལྕམ་མམ་ཏ་ སྦེ་ནར་ཇི་མཆོག་ཕེབས་མེད་པ་རེད། ཁོང་གི་ལས་ཁུངས་ནས་ཁོང་མཛད་སྒོར་མཉམ་ཞུགས་གནང་རྒྱུའི་ཐུགས་འདོད་ཡོད་ཀྱང་ཁོང་གི་ཨ་མ་ལགས་བསྙུན་ནར་ཚབས་ཆེ་ཡོད་པར་བརྟེན་ཕེབས་མ་ཐུབ་པ་ལས་གཞན་པའི་རྒྱུ་མཚན་གང་ཡང་མེད་ལུགས་དང་། ལྷག་པར་དུ་ཁོང་གིས་༧གོང་ས་མཆོག་མངའ་སྡེའི་ནང་ཕེབས་པར་མི་མང་ཚང་མའི་ཐོག་ནས་དགའ་བསུ་ཡོད་ཅེས་ཞུས་ཡོད་རེད་ཅེས་གསལ་བཤད་གནང་ཡོད་འདུག